འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་སྒོ་ཕྱེ་བ་ནས་འཚར་ལོངས་བྱུང་བའི་བར་གྱི་སི་ཁྲོན་གྱི་དང་བླངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དང་བླངས་སྙིང་སྟོབས་བྱ་བ་ཆུང་ཙག་ལ་ཕབ་ནས་རྒྱུན་དུ་གནས་པར་བྱེད། ལོ་ངོ་བཅུའི་རིང་གྱང་རོའི་ཤུལ་དུ་ཁྱིམ་གཞིས་གསར་པ་བསྐྲུན་པ་དང་སྦྲགས་དབུན་ཁྲོན་གྱི་ས་ཡོམ་ཁྲོད་ནས་དར་བའི་དང་བླངས་སྙིང་སྟོབས་ཇེ་འཕེལ་ཇེ་ཆེར་སོང་སྟེ་མཛེས་སྡུག་རྣམ་པར་བཀྲ་བའི་ལང་ཚོའི་ཕུགས་འདུན་ཞིག་ཏུ་གྱུར་ཡོད།
        དང་བླངས་སྙིང་སྟོབས་ས་ཡོམ་ཁྲོད་ནས་དར་བ།
         “ས་ཡོམ་དེས་ངའི་སེམས་ནང་གི་སྤྱི་ཕན་གྱི་རེ་འདོད་བསླངས་སོང”ཞེས་སྤྱི་ཕན་ཞབས་ཞུ་ཞུ་ཡུལ་ནས་ལོག་མ་ཐག་པའི་ཏུའུ་ཚན་ཚན་གྱིས་དགུང་ཟས་ཀྱི་དུས་ཚོད་ཡོལ་བས་ཏན་ཞིམ་འགྱིག་ཤོག་ཅིག་ཁ་ཕྱེ་སྟེ་ཟ་བཞིན་བཤད།
         ལོ་ངོ་བཅུའི་རིང་ཏུའུ་ཚན་ཚན་པེ་ཁྲོན་སློབ་འབྲིང་གི་སློབ་མ་ཞིག་ནས་ཁྲེང་ཏུའུ་སྤྱི་ཕན་རྩ་འཛུགས“ཨའེ་ཡིའུ་ཤིས”ཀྱི་འགན་འཁུར་བར་གྱུར་པ་རེད།
         ཏུའུ་ཚན་ཚན་དང་འདྲ་བར་ས་ཡོམ་ལས་གཞོན་ནུ་མང་པོ་ཞིག་དང་བླངས་ཞབས་ཞུའི་ནང་ཞུགས་པའི་སྤྲོ་སེམས་འཕེལ་བ་དང་ཆབས་ཅིག་དང་བླངས་ཞབས་ཞུའི་སྙིང་སྟོབས་ཀྱིས་གེགས་ཁུལ་དུ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་ས་བོན་བཏབ་ཡོད།
         “མི་གཞན་ལ་ལྕག་སྐུལ་བྱེད་སྐབས་ངས་ཀྱང་ཧུར་སེམས་མི་ཉམས་པའི་ཆེད་དུ་རང་སྐྱོན་རང་བརྟག་བྱས་ཏེ་ང་ཚོ་མཉམ་དུ་འཚར་ལོངས་ཡོང་ཐབས་བྱེད་ཀྱི་ཡོད”ཅེས་སི་ཁྲོན་སློབ་ཆེན་དཔལ་འབྱོར་དོ་དམ་ཆེད་ལས་ཀྱི་ལོ་རིམ་གསུམ་པའི་སློབ་མ་ཀྲང་ཤིང་གིས་བཤད།
         ཀྲང་ཤིང་ནི“ཚོན་སྣ་ལྔའི་རྡོ”ཞེས་པའི་བྱེད་སྒོའི་དང་བླངས་པ་ཞིག་ཡིན་ཞིང་། “ཚོན་སྣ་ལྔའི་རྡོ”ནི་དབུན་ཁྲོན་ས་ཡོམ་ལས་བྱུང་བ་ཞིག་ཡིན་པ་དང་། སློབ་གྲྭ་འགྲིམ་མུས་ཀྱི་སློབ་ཆེན་སློབ་མས་གེགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཆ་སྒྲིག་བྱས་ནས“རྩོམ་ཡིག་དང་འཕྲིན་ཡིག་ཐོག་ནས་སྤེལ་རེས”བྱས་ཏེ་གནོད་འཚེ་ཕོག་ཡུལ་གྱི་སློབ་མར་སེམས་ཁམས་གསོ་རོགས་བྱེད་ཀྱི་ཡོད། སི་ཁྲོན་སློབ་ཆེན་དུ་མིག་སྔར་ཀྲང་ཤིང་དང་འདྲ་བའི་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་2000ཙམ་དང་བླངས་བྱེད་སྒོ་དེའི་ནང་ཞུགས་ཡོད།
         གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཨུད་ཀྱི་བསྡོམས་རྩིས་ལ་གཞིགས་ན། “5·12”ཡོམ་འགོག་གེགས་སེལ་ཁྲོད་གནོད་འཚེ་ཕོག་ཁུལ་གྱིས་རིམ་རྩིས་བྱས་ན་དང་བླངས་པ་ཁྲི་118ལྷག་ཙམ་དང་ལེན་བྱས་པ་དང་། དང་བླངས་པ་མི་ཁྲི་18ལྷག་ཙམ་སྒྲིག་འཛུགས་ཡོད་པའི་སྒོ་ནས་མངགས་གཏོང་བྱས་པ། མི་ཐེངས་ཁྲི་178ལྷག་ཙམ་ཟིན་པའི་དང་བླངས་ཞབས་ཞུ་སྤེལ་བ་བཅས་རེད།
         དང་བླངས་ཀྱི་སྟོབས་ཤུགས་ཚང་མ་ཆེད་ལས་ཅན་དུ་བསྒྱུར་བ།
         དབུན་ཁྲོན་ས་ཡོམ་རྒྱག་སྐབས་ཏོན་ཀྲི་ཤའུ་པེ་ཁྲོན་སློབ་འབྲིང་དུ་མཐོ་རིམ་སློབ་འབྲིང་འགྲིམ་གྱི་ཡོད་ཅིང་། སྐབས་དེ་དུས་གྲོགས་མོའི་སྲོག་ཤོར་བ་མཐོང་ཡོད་ལ་རྐང་པ་འབྲེག་ནས་བཟོད་པར་དཀའ་བའི་ན་ཟུག་ཀྱང་མྱངས་ཡོད། ཁོ་མོས་སེམས་ལ་རྨ་ཁ་ཡོད་ཀྱང“ཚོན་སྣ་ལྔའི་རྡོ”ཚོགས་པའི་ནང་ཞུགས་ཏེ་བསྐྱར་དུ་འབྱུང་འགྱུར་ལ་ཡིད་ཆེས་བྱེད་འགོ་ཚུགས་པ་དང་ད་ཆ་ཁོ་མོ་ཞིབ་འཇུག་སློབ་མ་ཞིག་རེད།
          “ཚོན་སྣ་ལྔའི་རྡོ”བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཤའོ་ཤུས་ཀྱིས་ལོ་ངོ་བཅུའི་རིང“ཚོན་སྣ་ལྔའི་རྡོ”ཚོགས་པའི་བྱེད་སྒོ་སྤེལ་མཚམས་ཆད་མྱོང་མེད་ཅིང་། མིག་སྔར་ཚོགས་པའི་ནང་ཞུགས་པའི་མཐོ་སློབ་ཀྱི་དང་བླངས་པ་ཁྲི་2ལྷག་ཙམ་ཟིན་པ་དང་སློབ་གྲྭ་འབྲིང་ཆུང་ལ་ཆ་སྒྲིག་བྱེད་ཁྱོན་སི་ཁྲོན་ནས་ཡུན་ནན་དང་། ཀུའེ་ཀྲོའུ། ཁྲུང་ཆིང་བཅས་ས་ཁུལ་དུ་རྒྱ་ཆེར་བཏང་ཡོད་ཅེས་བཤད།
          “གེགས་ཁུལ་ལ་རོགས་སྐྱོར་བྱ་རྒྱུ་ནི་དུས་ཐུང་ཉིན་བཅུ་གྲངས་ཙམ་མ་ཡིན་པར་དུས་ཡུན་རིང་པོ་དགོས་པ་ཞིག་ཡིན་པས་ཆེད་ལས་དང་བླངས་པ་ཞིག་ཡིན་པའི་ང་ཚོས་རོགས་སྐྱོར་མཐར་ཕྱིན་པ་བྱེད་དགོས”ཞེས་ཁྲེང་ཏུའུ་ཧྲོའུ་ཡུས་སྤྱི་ཕན་འཕེལ་རྒྱས་ལྟེ་གནས་ཀྱི་དྲུང་ཆེ་གཞོན་པ་ཏུང་མིང་ཀྲུའུ་ཡིས་བཤད།
          སི་ཁྲོན་གྱི་དབུན་ཁྲོན་དང་མཚོ་སྔོན་གྱི་ཡུལ་ཤུལ་སོགས་ལ་རང་བྱུང་གནོད་འཚེ་ཐོན་སྐབས་ཏུང་མིང་ཀྲུའུ་ཡིས་དེ་མ་ཉིད་དུ་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་ཅིང་། ཁོང་གིས་དང་བླངས་ཞབས་ཞུ་ནི་ཡུན་རིང་བྱེད་དགོས་པ་དང་ཉམས་མྱོང་དང་ཤེས་བྱའང་གང་ལེགས་སྤྱོད་དགོས་ལ་ཆེད་ལས་ཅན་ལ་བརྟེན་ནས་དང་བླངས་སྟོབས་ཤུགས་ཚང་མ་གཅིག་ཏུ་སྒྲིལ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
          དང་བླངས་ཞབས་ཞུའི་སྙིང་སྟོབས་ཉེ་འགྲམ་དུ་གནས།
          “གནོད་འཚེ་ཐོན་ཐེངས་རེ་རེ་ནི་སྡུག་བསྔལ་ཡིན་ལ་ཚོད་བགམ་ཡང་རེད། དེ་ལས་ཡར་རྒྱས་ཡོང་སྲིད་ལ་འཕེལ་རྒྱས་ཀྱང་ཡོང་སྲིད”དབུན་ཁྲོན་ས་ཡོམ་ཁྲོད་དང་བླངས་པ་ཁྲི་18སི་ཁྲོན་གྱི་གེགས་ཁུལ་དུ་བསྐྱོད་པ་དང་། ལུའུ་ཧྲན་ས་ཡོམ་རྗེས་གནས་ཐུབ་པའི་ཡུལ་དེ་གའི་སྤྱི་ཕན་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་བྱས་པ་ནས་གཟི་ཚ་སྡེ་དགུའི་ས་ཡོམ་རྗེས་རོགས་སྐྱོབ་གོ་རིམ་ལྡན་པ་བྱས་པའི་བར་ལོ་བཅུའི་རིང་དང་བླངས་པ་དང་སྤྱི་ཚོགས་རྩ་འཛུགས་གང་མགྱོགས་འཚར་ལོངས་བྱུང་སྟེ་ཆེད་ལས་ཅན་གྱི་ཆུ་ཚད་ཉིན་བཞིན་མཐོ་རུ་ཕྱིན་པ་དང་གནོད་འཚེར་ཁ་གཏད་དེ་བས་གནད་སྨིན་བཅག་ནས་སྤྱི་ཚོགས་བཅོས་སྐྱོང་གི་ལག་ལེན་དངོས་ནང་ཚང་མ་ཞུགས་ཡོད་ཅེས་གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཨུད་སྤྱི་ཚོགས་འབྲེལ་གཏུག་གི་འགན་འཁུར་བས་བཤད།
          “དབུན་ཁྲོན་ས་ཡོམ་ཐོན་པ་ནས་ད་བར་དང་བླངས་ཞབས་ཞུ་བྱ་རྒྱུ་དེ་ང་ཚོའི་སེམས་དབུས་སུ་འཇགས་ཡོད་ལ་དང་བླངས་སྙིང་སྟོབས་ཀྱང་ང་ཚོའི་འགྲམ་དུ་གནས་ཡོད”ཅེས་ཏུའུ་ཚན་ཚན་གྱིས་བཤད།
          མིག་སྔར། ཁྲེང་ཏུའུ་ཡི“ཨའེ་ཡིའུ་ཤིས”སྤྱི་ཕན་རྩ་འཛུགས་གྲོང་ཁྱེར་ནང་གི་སྡེ་ཁུལ་1000ལྷག་ཙམ་ལ་གཞིས་ཚུགས་པ་དང་ད་ཆ་སྤྱི་ཚོགས་ཀྱི་ཆེད་གཉེར་ལས་དོན་པ་212ཡིས་སྡེ་ཁུལ་གྱི་རོགས་རེས་དང་སྡེ་ཁུལ་གྱི་སློབ་གསོ་སོགས་སྤྱི་ཕན་གྱི་བྱེད་སྒོར་ཞུགས་ནས་དང་བླངས་ཞབས་ཞུའི་སྙིང་སྟོབས་ལས་ཉེ་འགྲམ་གྱི་མི་དེ་བས་མང་བར་འབོད་སྐུལ་བྱེད་ཀྱི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།