འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་ལས་བྱེད་པ་ཇི་ལྟར་བྱས་ཏེ་ཉུང་དུ་བཏང་
    ཡོད་དམ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། “གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བསྐོ་གཞག་བྱས་པའི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་ནི་འགག་སྒྲོལ་དམག་འཐབ་ཅིག་རེད་ལ་ཡུན་རིང་དམག་འཐབ་ཅིག་ཀྱང་རེད། མིག་སྔའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་བྱེད་དགོས་ལ་ཕུགས་ཀྱི་ལམ་ལུགས་བཟོ་རྒྱུར་དེ་བས་དམིགས་དགོས། དེར་བརྟེན། ང་ཚོས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་མཐའ་འཁྱོངས་བྱ་རྒྱུར་དམིགས་ཏེ་གོ་ཆོད་པའི་ལམ་ལུགས་ཀྱིས་མི་དང་བྱ་བར་དོ་དམ་བྱས་པས་ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་ཕྱིན་ཡོད”ཅེས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཏུའུ་ཅེས་བཤད།
         2017ལོའི་ཟླ་7པ་ནས་2017ལོའི་ཟླ་9པའི་རིང་མཚོ་སྔོན་ཞིང་ཆེན་གྱིས་གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་ལས་བྱེད་པ་3153གྱི་བཅོས་སྒྲིག་ལས་འགན་ཡོངས་སུ་གྲུབ་པ་དང་། “ཚད་བརྒལ་གསུམ་དང་ཟང་ཟིང་གཉིས”ཀྱི་གནད་དོན་ཡང་བསྐྱར་མི་ཐོན་པའི་ཆེད་མཚོ་སྔོན་གྱིས་གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་ལས་བྱེད་པ་ཉུང་གཏོང་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ་རེད།
         ལས་འགན་མ་ཁུར་གོང་གི་ཞིབ་བཤེར་འགག་སྒོར་སྟངས་འཛིན་ཡག་པོ་བྱེད་པ།
         ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཨུད་དང་ཞིང་ཨུད་རྩ་འཛུགས་པུས་གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བསྐོ་གཞག་བྱེད་མི་ཆོག་པའི་སྐོར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ་མུ་མཐུད་ཤུགས་སྣོན་དང་སྙིང་རུས་བརྟན་འཁྱོངས་བྱས་པས་2017ལོའི་ཟླ་6པར་ཞིང་ཆེན་ཡོངས་ཀྱི་གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་ལས་བྱེད་པ་3153གྱི་ལས་གནས་མེད་པར་བཟོ་བའི་ལས་འགན་སྔ་སྣུར་དུ་བསྒྲུབས་ཡོད། བཅོས་སྒྲིག་གི་ཕན་འབྲས་ལ་དམིགས་སྐབས། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ཆེད་དོན་བཅོས་སྐྱོང་མཐའ་འཁྱོངས་བྱ་རྒྱུ་བྱེད་ཐབས་དང་རྒྱུན་རྣམ་འགོག་བཅོས་གཞི་རྩའི་རྩ་དོན་ཡིན་པ་མཐའ་འཁྱོངས་ཀྱིས་ཆེད་དོན་བཅོས་སྒྲིག་ལས་དོན་ལས་བྱུང་བའི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོར་བརྟེན་ནས“བསྐོ་གཞག་མ་བྱས་གོང་གི་སྔོན་བཤེར”ལས་དོན་ལ་སྐུལ་སྤེལ་ཧུར་ཐག་བཏང་སྟེ། 《ལས་བྱེད་པ་འོས་འདེམས་དང་བསྐོ་སྤྱོད་ཀྱི“ཞིབ་གསུམ་བཤེར་གཉིས་ཞུ་གཉིས”ཀྱི་ལས་དོན་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ནས་བཏོན་པ་དང་། 《ལས་བྱེད་པ་འོས་འདེམས་བསྐོ་སྤྱོད་ལས་དོན་གྱི་ཞིབ་བཤེར་རེའུ་མིག་》ཇུས་འགོད་བྱས་ཏེ་གྲངས་ཚད་ཞིབ་བཤེར་དེ་མི་འདེམས་མི་སྤྱོད་ཀྱི་བརྒྱུད་དགོས་ངེས་ཀྱི་གོ་རིམ་ནང་འཇུག་པ་དང་། ལས་གནས་སྟོང་པ་མེད་རིགས་ལ་འདེམས་བསྐོའི་གོ་རིམ་མཚམས་འཇོག་པའམ་ཡང་ན་གྲོས་བསྡུར་བྱེད་མི་ཆོག་པ། རྩད་ཆོད་པའི་གནད་དོན་དུས་ཐོག་ཏུ་བཅོས་སྒྲིག་བཅས་བྱས་ཏེ་འབྱུང་རྩ་ནས་མེད་པར་བཟོ་རྒྱུ་དང་མ་བྱུང་སྔོན་འགོག་བྱ་རྒྱུ་རེད། དེ་དང་ཆབས་ཅིག《ལས་བྱེད་པས་ལས་དོན་སྒྲུབ་སྐབས་སྔོན་ལ་ཞིང་ཨུད་རྩ་འཛུགས་པུའུ་ལ་སྙན་སེང་ཞུ་དགོས་པའི་འབྲེལ་ཡོད་དོན་གནད་ཀྱི་རྩིས་ཐོ་》པར་འགྲེམས་བྱས་ནས་གྲངས་ཚད་ལས་བརྒལ་བའི་བསྐོ་གཞག་གི་གནས་ཚུལ་དེ་ལས་བྱེད་པ་འོས་འདེམས་བསྐོ་སྤྱོད་ལས་ཀའི་སྔོན་གྱི་སྙན་ཞུའི་ནང་དོན་དུ་བཅུག་ནས་སྔོན་ལ་ལྟ་སྐུལ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། བསྐོ་གཞག་མ་བྱས་གོང་གི་ཞིབ་བཤེར་འགག་སྒོ་དམ་འཛིན་གྱིས་གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བསྐོ་གཞག་གི་གནས་ཚུལ་སྔོན་འགོག་ཏན་ཏིག་བྱ་རྒྱུ་རེད།
         ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།
         “རྩད་ཆོད་པའི་འབྱུང་རྩའི་རང་བཞིན་གྱི་གནད་དོན་ལ་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ཞིང་ཆེན་སྒྲིག་ཁུངས་གཞུང་ལས་ཁང་དང་མཉམ་དུ་གྲོང་ཁྱེར་དང་ཀྲོའུ་4དང་ཁོངས་གཏོགས་རྫོང་8 ཞིང་ཆེན་ཐད་གཏོགས་ཚན་པ་10ཡི་འགོ་ཁྲིད་ཀྱི་གྲངས་ཚད་དོ་དམ་ལ་འཐེན་བཤེར་བྱས་པ་དང་། རྩད་ཆོད་པའི་གནད་དོན་ལ་དུས་བཀག་བཅོས་སྒྲིག་བྱ་རྒྱུའི་བླང་བྱ་བཏོན་ཁར་འགོ་ཁྲིད་ལས་གནས་ཀྱི་གྲངས་ཚད་དོ་དམ་དང་འགོ་ཁྲིད་ལས་བྱེད་པའི་བསྐོ་གཞག་ལས་དོན་སྔར་བས་ཚད་ལྡན་དུ་བཏང་བས་གོ་གནས་ཀྱི་གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བསྐོ་གཞག་བྱེད་པའི་གནད་དོན་གསར་པ་སྔོན་འགོག་ནུས་ལྡན་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ལྟ་སྐུལ་ཁྲུའི་ཁྲུའུ་ཀྲང་ཀྲའོ་ཕིང་ཐའོ་ཡིས་བཤད།
         སྐབས་བཅུ་གསུམ་པའི་ཞིང་ཨུད་སྐོར་གཟིགས་ལས་དོན་དང་ཟུང་འབྲེལ་གྱིས《མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའི་མི་འདེམས་མི་སྤྱོད་ཀྱི་སྐོར་གཟིགས་ཞིབ་བཤེར་ལག་བསྟར་ཇུས་གཞི》བཟོས་ནས་གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བསྐོ་གཞག་གི་གནད་དོན་ཞིབ་བཤེར་གྱི་ནང་དོན་དུ་བྱས་ཏེ་སྒྱུར་བཅོས་ཀྱི་གོ་སྐབས་དང་བསྟུན་ནས་སྒྲིག་གཞིའི་ཚད་གཞི་མཐོ་རུ་གཏོང་བ་དང་། ནང་ཁོངས་ཀྱི་སྒྲིག་གཞི་བཅོས་སྒྲིག་དང་མང་དུ་གཏོང་བ། མི་སྣའི་སྒྲིག་ཁུངས་དང་འགོ་ཁྲིད་ཀྱི་གོ་གནས་མང་དུ་གཏོང་བ་བཅས་དང་དེ་བཞིན་གློ་བུར་དུ་མི་བཅུག་པ་དང་། གནས་སྤར་བ། ལས་བྱེད་པ་བཅོས་སྒྲིག་དང་བརྗེ་རེས་སོགས་ཀྱི་གནད་དོན་ཡོད་མེད་ལ་གཙོ་གནད་ཐོག་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་ཚོགས་ཆུང་བཙུགས་ནས་སྐོར་གཟིགས་བྱེད་ཐེངས་རེར་སྤེལ་བའི་མི་འདེམས་མི་སྤྱོད་ཐད་ཀྱི་ཞིབ་བཤེར་དང་ཟུང་འབྲེལ་གྱིས་སྐོར་གཟིགས་ལས་དོན་གང་དུ་སྤེལ་ཚེ་མི་འདེམས་མི་སྤྱོད་ཀྱི་བརྟག་དཔྱད་དེར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་ཚན་པ་ཁག་ལ་ཁྱབ་རྒྱུའི་འགན་ལེན་བྱས་ཡོད། སྐོར་གཟིགས་ཞིབ་བཤེར་ཁྲོད་ལྷག་པའི་གནད་དོན་ཇི་མ་ཇི་བཞིན་ཚུར་ལན་བྱས་ཏེ་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད།
         དག་ཐེར་ལ་སྐུལ་འདེད་བཏང་ནས་རྒྱུན་གཏན་གྱི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ལས་བྱེད་པར་རྟོག་ཞིབ་དང་། ལས་དོན་ལ་དཔྱད་ཞིབ། གཞི་རིམ་ལ་བརྟག་ཞིབ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་ས་ཁུལ་ཁག་དང་ཚན་པ་ཁག་གི་གོ་གནས་ཀྱི་གྲངས་ཚད་གནས་ཚུལ་དང་དེ་བཞིན་ཉེ་དུས་ལས་བྱེད་པར་ཞིབ་འཇུག་བྱེད་པའི་ལས་དོན་ལ་ཤེས་རྟོགས་བྱས་ཏེ་གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བསྐོ་གཞག་གི་གནས་ཚུལ་ཡོད་མེད་སྔར་བས་ཁོང་དུ་ཆུད་པ་བྱས་ནས་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱུང་བ་རེད། ས་གནས་དང་ཚན་པ་ཁག་གཅིག་གིས་དམིགས་བསལ་གནས་ཚུལ་ལ་ཁ་གཡར་ནས་ལས་བྱེད་པ་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་ཏེ“རླུང་རྟ་རྒྱུག་ཡོང་སྙམ་པ”སོགས་ཀྱི་གནད་དོན་ལ་དམིགས་ཏེ་དུས་ཐོག་ཏུ་མཚམས་འཇོག་ཏུ་བཅུག་ནས་དག་ཐེར་བྱ་རྒྱུའི་བཀའ་བཏང་བ་རེད།
         མགོ་ལོག་ཀྲོའུ་ཡིས་ཀྲོའུ་ཐད་གཏོགས་སྡེ་ཚན་གྱི་ད་ཡོད་ལས་གནས་ཀྱི་མི་སྣ་བསྐོ་གཞག་འཐུས་སྒོ་ཚང་བའི་རྨང་གཞིའི་ཐོག་དོ་དམ་མི་སྣ་མི་འདང་བ་དང་། ལས་གནས་བཀོད་སྒྲིག་ལུགས་དང་མི་མཐུན་པ། དོ་དམ་ཡག་པོ་མེད་པ་བཅས་ལ་ཁ་གཡར་ནས་སྒྲིག་གཞིའི་ཚད་གཞི་དང་ལས་གནས་ཀྱི་གྲངས་ཚད་ལས་བརྒལ་བའི་ངང་རྫོང་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པ་ཞིག་བསྐོ་གཞག་བྱས་པ་དང་འབྲེལ་སྒྲིག་འགལ་ཡིན་པ་ཤེས་བཞིན་དུ་གོང་རིམ་ལ་དགོངས་སྐོར་ཞུས་པ་རེད། ཞིང་ཆེན་རྩ་འཛུགས་པུས་འཕྲལ་དུ་ལས་གནས་དེའི་ལས་བྱེད་པ་བསྐོ་གཞག་གི་ལས་དོན་མཚམས་འཇོག་བྱེད་དུ་བཅུག་པ་དང་འབྲེལ་ས་ཁུལ་དེའི་རྩ་འཛུགས་པུའུ་ལ་སྐྱོན་བརྗོད་ནན་པོ་བྱས་ནས་དེར་ཀྲུང་དབྱང་དང་ཞིང་ཨུད་ཀྱིས“ཚད་བརྒལ་གསུམ་དང་ཟང་ཟིང་གཉིས”ལ་བཅོས་སྒྲིག་བྱེད་པའི་འབྲེལ་ཡོད་དགོངས་དོན་ལག་བསྟར་ནན་པོ་བྱེད་དགོས་པའི་བཀའ་བཏང་བ་རེད། རྩ་འཛུགས་སྡེ་ཚན་གྱི་འགན་འཁྲི་བ་དང་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་ལས་གནས་གྲངས་ཚད་ཀྱི་ཞིབ་བཤེར་གྱི་འགག་སྒོ་ནན་པོ་བསྲུངས་ནས་ཚད་གཞི་ལས་བརྒལ་བ་དང་གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བསྐོ་གཞག་གི་གནད་དོན་མཐའ་གཅིག་ཏུ་མི་ལྷག་པ་བྱས་ཡོད།
         ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་རྩ་འཛུགས་པུའུ་ལ་ཞིང་ཆེན་ཐད་གཏོགས་ཚན་པ་ཞིག་གིས་སྒྲིག་འགལ་ངང་ལས་བྱེད་པ་ཚད་ལས་བརྒལ་བའི་ངང་བསྐོ་གཞག་བྱས་པའི་ཐེར་འདོན་ཡི་གེ་འབྱོར་རྗེས། འཕྲལ་དུ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་ཐིང་ཅུས་དེར་བརྟག་དཔྱད་ཤེས་རྟོགས་བྱེད་པར་བསྐྱོད། ཞིབ་བཤེར་ནན་ཏན་བྱས་པ་བརྒྱུད་ཐེར་འདོན་བྱས་པའི་གནད་དོན་དེ་དོན་དངོས་དང་མཐུན་གྱི་མེད། བརྟག་དཔྱད་བྱས་པ་བརྒྱུད། མི་འདེམས་མི་སྤྱོད་ཚན་པས་ལས་བྱེད་པ་གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་གནད་དོན་ལ་མཐོང་ཆེན་བྱེད་ཚད་སྔར་བས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་འབྲེལ་ཡོད་ཚན་པར་གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བསྐོ་གཞག་ནན་འགོག་བྱ་རྒྱུར་ཉེན་བརྡ་ཡང་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།