འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་པུ་ཅ་ཡི“མིང་བྱང”གསར་པ།

    —— ཨ་ཧྥེ་རི་ཁ་ནུབ་རྒྱུད་གྲོང་ཁྱེར་གྱི་ལྕགས་ལམ་ལམ་ཐིག་ཨང་དང་པོའི་ཐོག་མེ་འཁོར་ཚོད་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་13ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཆར་དུས་ཀྱི་ནི་ཀྲེ་རི་ཡའི་རྒྱལ་ས་ཨ་པུ་ཅ་རུ་དེ་སྔའི་བྱེ་རྡུལ་གྱིས་ཁེངས་པའི་རྣམ་པ་མེད་པར་གྱུར་ཡོད། སྔོ་ཞིང་དྭངས་བའི་ནམ་མཁའི་འོག་གྲོང་ཁྱེར་ལྟེ་བའི་འཛམ་གླིང་ཚོང་དོན་ལྟེ་གནས་ཀྱི་ཐོག་བརྩེགས་ཁང་ཆེན་གྱི་འགྲམ་དུ་གསར་དུ་བཙུགས་པའི་ཨ་པུ་ཅ་གྲོང་ཁྱེར་གྱི་ལྕགས་ལམ་ལྟེ་གནས་བབས་ཚུགས་དེ་ཉིད་ཉི་འོད་འོག་དེ་བས་མངོན་གསལ་དོད་པ་ཞིག་འདུག
          ཚེས་28ཉིན་གྱི་ཕྱི་དྲོ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཚོང་དོན་ལྟེ་བའི་ཁུལ་དུ་གནས་པའི་ཨ་པུ་ཅ་གྲོང་ཁྱེར་ལྕགས་ལམ་ལྟེ་བའི་བབས་ཚུགས་སུ་བསྐྱོད་དེ་གྲོང་ཁྱེར་ལྕགས་ལམ་གྱི་གནམ་ཐང་ལམ་རྒྱུད་དུ་ཚོད་སྡོད་བྱས་པ་ཡིན།
         ལོ་6ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད་ཨ་ཧྥེ་རི་ཁ་ནུབ་རྒྱུད་ཀྱི་གྲོང་ཁྱེར་གྱི་ལྕགས་ལམ་ལམ་ཐིག་དང་པོ་ཨ་པུ་ཅ་གྲོང་ཁྱེར་གྱི་ལྕགས་ལམ་དེ་2017ལོའི་ཟླ་12པར་ལེགས་གྲུབ་ཟིན་པ་དང་རིང་ཚད་ཧྲིལ་པོར་སྤྱི་ལེ་45ཡོད་པ་རེད། མིག་སྔར་ཀྲུང་གོའི་ཨར་ལས་བཟོ་སྐྲུན་ཚོགས་པའི་ནི་ཀྲེ་རི་ཡ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི་གྲོང་ཁྱེར་གྱི་ལྕགས་ལམ་རྣམ་གྲངས་དེར་ཟླ་གསུམ་ཚོད་ལྟ་བྱས་རྗེས་ནི་ཀྲེ་རི་ཡ་ཕྱོགས་ཀྱིས་གྲོང་ཁྱེར་གྱི་ལྕགས་ལམ་དངོས་སུ་སྐྱེལ་འདྲེན་བྱེད་ཆོག
         གྲོང་ཁྱེར་གྱི་ལྕགས་ལམ་ལྟེ་བའི་བབས་ཚུགས་ཀྱི་ཚོམས་ཆེན་ནང་བདེ་འཇགས་ཞིབ་བཤེར་དང་། སྤ་སེ་ལེན་པ། སྤ་སེ་བཤེར་བ་བཅས་བྱས་རྗེས་གཞི་ནས་བབས་ཚུགས་སུ་སྐྱོད་སྐབས་གྲོང་ཁྱེར་ལྕགས་ལམ་གྱི་མེ་འཁོར་གསར་པ་ཞིག་ཐོན་གྲབས་འདུག མེ་འཁོར་གྱི་མགོ་དང་འཁོར་སྒྲོམ་3ཚང་མ་ཀྲུང་གོས་བཟོས་པ་ཤ་སྟག་རེད་འདུག གྲོང་ཁྱེར་ལྕགས་ལམ་གྱི་འཁོར་སྒྲོམ་ནང་སྐྱོད་སྐབས་ཁ་ཁུ་སིམ་ལ་རྒྱ་ཆེ་བ་དང་། དཀར་ཆ་དོད་པ། བསིལ་པོ་བཅས་འདུག
          ནི་ཀྲེ་རི་ཡར་འདི་ལོ་ཆར་ཆུ་དཀོན་ལ་གནམ་གཤིས་ཚ་བ་ཆེ་བ་ཞིག་འདུག་པས། མེ་འཁོར་ནང་གི་བསིལ་བའི་རྣམ་པ་དེ་དེ་བས་མངོན་གསལ་དོད་པོར་གྱུར། ནི་ཀྲེ་རི་ཡའི་ལྷོ་རྒྱུད་ཀྱི་ཨ་ནན་པོ་ལ་ཀྲོའུ་ཁུང་ཙི་སློབ་གླིང་གི་སློབ་མ་ཚོས་མཉམ་དུ་ཀྲུང་གོའི་གླུ་གཞས་མང་པོ་བཏང་བ་དང་ཁོང་ཚོའི་དགའ་སྤྲོ་འཁོལ་བའི་རྣམ་པས་འཁོར་སྒྲོམ་ནང་གི་མི་ཚང་མའི་སྤྲོ་སེམས་འཕེལ་བར་བྱས།
         ཕྱི་དྲོའི་ཆུ་ཚོད་3པ་ཡོལ་ཙམ་ལ། གྲོང་ཁྱེར་ལྕགས་ལམ་གྱི་མེ་འཁོར་ཐོན་འགོ་ཚུགས་ཏེ་གྲོང་ཁྱེར་ཉེ་འདབས་ཀྱི་ཨ་པུ་ཅ་གནམ་ཐང་ཕྱོགས་སུ་བརྟན་པོའི་ངང་སྐྱོད། གཞོགས་གཡས་གཡོན་གྱི་གྲོང་ཁྱེར་རྣམ་པས་ཡིད་དབང་འཕྲོག སྒེའུ་ཁུང་གི་ཕྱི་རོལ་དུ་སྐབས་རེ་རི་མ་ཐང་མཐོང་རྒྱུ་འདུག་ལ་སྐབས་རེ་མི་སེར་གྱི་སྡོད་ཁང་དང་ཕྱུགས་ཚོགས་ཀྱང་མཐོང་རྒྱུ་འདུག
         མཉམ་དུ་ཡོད་པའི་ཀྲུང་གོའི་ཨར་ལས་བཟོ་སྐྲུན་ཚོགས་པའི་ནི་ཀྲེ་རི་ཡ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཏི་ཅན་ཕིང་གིས་ཨ་པུ་ཅ་སྲིད་གཞུང་གིས་གྲོང་ཁྱེར་གྱི་ལྕགས་ལམ་དེ་གཞུང་ལམ་ཉུང་བའི་ཁྲོམ་གཞུང་དུ་བསྐྲུན་པ་དེ་ནི་ས་གནས་དེ་གའི་འཕེལ་རྒྱས་ལ་སྣེ་འཁྲིད་ཐུབ་ཆེད་ཡིན་པ་རེད། ཀུང་སིས་གྲོང་ཁྱེར་གྱི་ལྕགས་ལམ་སྐྲུན་འགོ་ཚུགས་ཚུན་ལམ་རྒྱུད་ཀྱི་ས་གོང་ལྡབ་ཁ་ཤས་འཕར་ཡོད་ཅེས་བཤད།
         ཨ་ནན་པུའུ་ལ་ཀྲོའུ་ཁུང་ཙི་སློབ་གླིང་གི་ནི་ཀྲེ་རི་ཡའི་སློབ་མ་ཏུང་ཨན་ཅེ་ཡིས་ཁོང་དང་སློབ་གྲོགས་ཚོ་ཀྲུང་གོའི་རིག་གནས་ལྟེ་གནས་སུ་ཐའེ་ཅི་འཁྲབ་སྟོན་ནང་ཞུགས་མཁན་ཡིན་པས། གྲོང་ཁྱེར་གྱི་ལྕགས་ལམ་ཚོད་གཏོང་བྱེད་པ་དང་ཏག་ཏག་འཁེལ་སོང་། དེ་ནི་ཁོང་གིས་གྲོང་ཁྱེར་གྱི་ལྕགས་ལམ་སྡོད་ཐེངས་དང་པོ་དེ་ཡིན་པས་ཧ་ཅང་དགའ་པོ་འདུག་ཅེས་བཤད།
         ཡུད་ཙམ་ཞིག་ལ་མཐའ་ཚུགས་ཨ་པུ་ཅ་གནམ་ཐང་བབས་ཚུགས་སུ་འབྱོར། རིང་ཚད་ཧྲིལ་པོར་སྤྱི་ལེ་28ཡོད་པའི་སར་ཆུ་ཚོད་ཕྱེད་ཀ་ལས་འགོར་མེད།
         གྲོང་ཁྱེར་ལྕགས་ལམ་ཨ་པུ་ཅ་གནམ་ཐང་བབས་ཚུགས་བརྒྱུད་མངོན་གསལ་དོད་པའི་མཚོན་རྟགས་ལ་བལྟ་གིན་གསར་འགོད་པ་ལས་མཇུག་འགྲིལ་བའི་ཨ་པུ་ཅ་གནམ་ཐང་བབས་ཚུགས་གསར་པར་སྐྱོད། ངོ་སྤྲོད་བྱས་པ་གཞིར་བཟུང་། དེ་ནི་ཀྲུང་གོའི་ཨར་ལས་བཟོ་སྐྲུན་ཚོགས་པ་ཀུང་སིས་ནི་ཀྲེ་རི་ཡར་བསྐྲུན་པའི་གནམ་ཐང་བབས་ཚུགས་བཞི་ཡི་ནང་གི་གྲས་ཤིག་ཡིན་པ་རེད། གྲོང་ཁྱེར་གྱི་ལྕགས་ལམ་ནས་སྨི་100ཙམ་སྐྱོད་ཚེ་འགྲུལ་པ་ཚོ་གནམ་ཐང་བབས་ཚུགས་ཀྱི་ཐོག་སོ་གཉིས་པར་སླེབས་ནས་གྲོང་ཁྱེར་གྱི་ལྕགས་ལམ་དང་གནམ་ཐང་སྦྲེལ་མཐུད་ཐུབ་པ་དངོས་འབྲེལ་བྱུང་ཡོད། ཨ་པུ་ཅ་ནས་ཁ་ཏྭ་ནར་བསྐྱོད་པའི་མེ་འཁོར་ཐོན་ཡུལ་དབྱི་ཏུའུ་བབས་ཚུགས་ཀྱི་གྲོང་ཁྱེར་ལྕགས་ལམ་ཡང་ལྕགས་ལམ་དང་གནམ་ཐང་སྦྲེལ་མཐུད་ཐུབ་ཡོད། མཉམ་དུ་ཡོད་པའི་འགྲུལ་པ་ཚོས་ཀྱང་སྔོན་ཐོན་གྱི་འགྲིམ་འགྲུལ་མ་ལག་དེར་བསྔགས་བརྗོད་ཚད་མེད་བྱེད་བཞིན་འདུག
         ཨ་པུ་ཅ་ནི་ཨ་ཧྥེ་རི་ཁ་ས་ཁུལ་གྱི་མི་འབོར་འཕར་མགྱོགས་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་དང་ད་ཆ་དེར་གྲོང་ཁྱེར་གྱི་ལྕགས་ལམ་གྱི་མིང་བྱང་གསར་པ་ཡོད་པ་རེད། ཀྲུང་གོའི་ཨར་ལས་བཟོ་སྐྲུན་ཚོགས་པའི་ནི་ཀྲེ་རི་ཡ་ཚད་ཡོད་ཀུང་སིའི་སྐྱེལ་འདྲེན་བྱ་གཞག་པུའི་ཅིང་ལི་གཞོན་པ་དང་ཨ་པུ་ཅ་གྲོང་ཁྱེར་ལྕགས་ལམ་སྐྱེལ་འདྲེན་རྣམ་གྲངས་ཀྱི་ཅིང་ལི་གཅིག་ལྕོགས་དབྱང་ཆིའུ་ལིང་གིས་གྲོང་ཁྱེར་གྱི་ལྕགས་ལམ་རྒྱུན་གཏན་ལྟར་གཉེར་སྐྱོང་ཐུབ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེ་རི་ཡ་ཕྱོགས་ལ་ལག་རྩལ་མི་སྣ་འབོར་ཆེན་གསོ་སྦྱོང་བྱས་ཡོད། ཚེས་28ཉིན། གྲོང་ཁྱེར་གྱི་མེ་འཁོར་གཏོང་བའི་འགན་ཁུར་མཁན་ཤའོ་ཤིན་ཅུན་གྱིས་ནི་ཀྲེ་རི་ཡའི་དགེ་ཕྲུག་གསུམ་ཁྲིད་པའི་ནང་གཅིག་གིས་མེ་འཁོར་གཏོང་ཤེས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།