འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ལྔའི་རིང་དབང་པོ་སྐྱོན་ཅན་དབུལ་པོ་ཁྲི་500ལྷག་ཙམ་དབུལ་སྒྲོལ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་12ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་5ཚེས་10ཉིན་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་ལྔ་དང་ལྷག་པར་དུ་ཉེ་བའི་ལོ་གཅིག་རིང་དབང་པོ་སྐྱོན་ཅན་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བས་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་དམངས་འཚོར་འགན་ལེན་བརྟན་པོ་བྱུང་ཡོད་པ་རེད། ལོ་5ཡི་རིང་དབང་པོ་སྐྱོན་ཅན་དབུལ་པོ་ཁྲི་500ལྷག་ཙམ་དབུལ་སྒྲོལ་བྱུང་བ་དང་དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”ཀྱི་ལམ་ལུགས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཁྱོན་ཡོངས་ལ་ཁྱབ་པ་དང་དབང་པོ་སྐྱོན་ཅན་མི་ཐེངས་ཁྲི་2100ལ་ཕན་པ་ཐོབ་ཡོད་པ་རེད།
         དབང་པོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བའི་དམངས་འཚོའི་བདེ་འཇགས་དྲ་བ་ཟམ་མི་ཆད་པར་བརྟན་པོ་བསྐྲུན་ཞིང་། ན་ནིང་ལོ་མཇུག་བར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་དབུལ་པོ་ཁྲི་900ལྷག་ཙམ་ལ་མ་མཐའི་འཚོ་བའི་འགན་ལེན་བྱས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི་2614.7ཟིན་པ་དང་། ལོ་60མན་གྱི་འགན་ལེན་ནང་ཞུགས་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནང་སྲིད་གཞུང་གིས་རྒན་གསོའི་འགན་བཅོལ་གྲོན་དངུལ་ཚབ་འཇལ་བྱས་པའི་བསྡུར་ཚད་96.8%ཟིན་པ་བཅས་རེད། ལོ་ལྔ་ཡི་རིང་དབང་པོ་སྐྱོན་ཅན་མི(ཐེངས)ཁྲི་400ལྷག་ཙམ་ལ་རྣམ་པ་མི་འདྲ་བའི་གསོ་བཅོལ་ལྟ་ལྟོགས་ཞབས་ཞུ་བྱས་ཡོད་པ་རེད།
         དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཞིང་། 2017ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ཁྲི་942.1ལྷག་ཙམ་ལས་ཞུགས་ཐུབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་སྐྱོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པས་སྣེ་ཁྲིད་བྱས་ཏེ་དབང་པོ་སྐྱོན་ཅན་ལས་བསྡུ་བྱས་པ་དང་། ཁོངས་མིའི་ཚན་པ་12གིས་དབང་པོ་སྐྱོན་ཅན་གྱི་གཞུང་ལས་པ་24བཀོད་སྒྲིག་བྱས་ཡོད་པ་རེད།
         དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ཅིང་། དབང་པོ་སྐྱོན་ཅན་གྱི་སྨན་བཅོས་བདེ་ཐང་སླར་གསོའི་རྣམ་གྲངས་29གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)9རུ་བྱིས་པ་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་སྐྱོབ་རོགས་ལམ་ལུགས་བཟོས་པ། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)7དུ་དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་ཀྱི་ཁ་གསབ་ལམ་ལུགས་བཙུགས་པ་བཅས་རེད། 2017ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་སྒྲིག་གཞི་8334ཡོད་པ་དང་དབང་པོ་སྐྱོན་ཅན་གྱི་གནད་སྨིན་བདེ་ཐང་སླར་གསོའི་བྱ་སྤྱོད་སྤེལ་བ་བརྒྱུད། 2017ལོར་བྱིས་པ་དབང་པོ་སྐྱོན་ཅན་དང་དེ་བཞིན་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་854.7ལ་གཞི་རྩའི་བདེ་ཐང་སླར་གསོའི་ཞབས་ཞུ་ཐོབ་ནས་ལོ་འཁོར་མོར་དབང་པོ་སྐྱོན་ཅན་ཁྲི་244.4ལ་རམ་འདེགས་ཡོ་བྱད་ཁག་བཀོད་སྒྲིག་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།