འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བརྗིད་ཆགས་ཇོ་རི་མི་འགྱུར་བརྟན་དུ་བཞུགས། དཔལ་འབར་མེ་མཆོག་བསྐལ་བརྒྱའི་བར་དུ་མཆེད།

    ——ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་རིར་བརྒྱུད་སྤྲོད་བྱས་ནས་ལོ་བཅུ་འཁོར་བར་དྲན་གསོ་ཞུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2008ལོའི་ཟླ་5ཚེས་8ཉིན་མིའི་རིགས་ཀྱིས“ཞི་བདེ་དང་། མཛའ་མཐུན། ཡར་རྒྱས”བཅས་མཚོན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་འཛམ་གླིང་ཡང་རྩེའི་ཇོ་མོ་གླང་མའི་རྩེ་མོར་ཐེངས་དང་པོ་སྤར་བ་རེད། སྐབས་དེར་གོ་ལ་ཧྲིལ་པོའི་རིགས་རུས་མི་གཅིག་པ་དང་། ཤ་མདོག་མི་འདྲ་བ། དད་པ་ཐ་དད་པའི་མི་རྣམས་ཀྱིས་མིག་དབང་འཛམ་གླིང་ཡང་རྩེར་གཅིག་ཏུ་འདུས་ནས་ཀྲུང་གོས་འཛམ་གླིང་ལ་ཁས་བླངས་པ་ལྟར་ལོ་བརྒྱའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་ས་གོ་ལའི་སྣེ་གསུམ་པར་ཐེངས་དང་པོ་སྤོར་རྒྱུ་ལེགས་གྲུབ་བྱུང་བའི་བདེན་དཔང་བྱས་པ་རེད།
         ད་ནས་བརྩིས་ན་བགྲང་བྱ་ཧྲིལ་པོ་བཅུ་ཏག་ཏག་སོང་ཟིན།
         2001ལོའི་ཟླ་7ཚེས་13ཉིན་ཀྲུང་གོས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་ལ་སྐབས་ཉེར་དགུའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྐབས་ཀྲུང་གོས་ནམ་ཡང་མི་ནུབ་པའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ས་གོ་ལའི་ཡང་རྩེར་སྐྱེལ་གྱི་ཡིན་ཞེས་བརྗིད་ཉམས་ལྡན་པའི་ངང་ཁས་བླངས་པ་རེད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་དེ་ནི“མིའི་རིགས་ཀྱི་འཇོན་ནུས་ལ་འགྲན་སློང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་བརྗོད་ན་བློ་སྟོབས་དང་སྙུགས་ཤེད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུ”ཡིན་པ་དང་དེ་ལྟར་བྱས་ཚེ“ཞི་བདེ་དང་མཛའ་མཐུན་གྱི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་ཐུབ་པ་དང་ཆབས་ཅིག་འཛམ་གླིང་མཉམ་དུ་ཨོ་རྩལ་འགྲན་ཚོགས་ཀྱི་སྤྲོ་སྣང་དང་ངར་སེམས་ལོངས་སྤྱོད་བྱེད་ཐུབ་པའི”ངོས་འཛིན་བྱས།
         ཁས་ལེན་བྱས་པ་དེ་དོན་ཐོག་ཏུ་འཁྱོལ། ཚན་ཞིབ་མི་སྣ་དང་རི་འཛེགས་རུ་མིས་འབད་བརྩོན་ཤིན་ཏུ་ཆེན་པོ་བྱས་ཡོད། དཔལ་འབར་དེ་ས་བབ་མཐོ་ཚད་སྨི་8844.43གྱི་སར་རྒྱུན་གཏན་ལྟར་འབར་ཐུབ་པ་བྱ་ཆེད། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རིག་བཟོ་ལས་ཚོགས་པས་འཇིག་རྟེན་འཕུར་སྐྱོད་ཀྱི་ཡོ་བྱད་ཞིབ་བཟོ་བྱེད་པའི་དོ་དམ་བྱེད་སྟངས་ནན་པོ་ལྟར་ལོ་གཉིས་འབད་བརྩོན་བྱས་པ་བརྒྱུད། དཔལ་འབར་རླུང་གནོན་དམའ་བ་དང་། དྲོད་ཚད་དམའ་བ། རླུང་ཤུགས་ཆེ་བ། གསོ་རླུང་མི་འདང་བ་སོགས་ཀྱི་ཆ་རྐྱེན་ཧ་ཅང་ཞན་སར་འབར་ཐུབ་པའི་དཀའ་གནད་སེལ་ཐུབ་ཡོད། དེས་ན་ཇོ་རིའི་དཔལ་འབར་ལ་ནམ་ཡང་མི་ནུབ་པའི་ཀྲུང་གོའི“སྙིང”ཞེས་པའི་མཚན་སྙན་ཐོབ་ཡོད། ཀྲུང་གོའི་རི་འཛེགས་རུ་ཁག་གིས་ལོ་ཁ་ཤས་གྲ་སྒྲིག་བྱས་པ་བརྒྱུད་མཐར་མི་19ལས་གྲུབ་པའི་འཕྲལ་རྒོལ་ཚོགས་ཆུང་གིས་གཡང་གཟར་བྲག་རི་དང་ཁ་བ་བུ་ཡུག་ཁྱད་དུ་བསད་དེ་མི་དཀྱུས་མའི་བསམ་ཚོད་ལས་བརྒལ་བའི་བློ་རྩ་བརྟན་པོ་དང་ཆོད་སེམས་ཆེན་པོའི་ཐོག་ནས་གསོ་རླུང་དཀོན་པའི་དཀའ་སྡུག་གི་གནས་ལས་བསྒྲལ་ཏེ་མེ་མཆོག་གནམ་དང་ཐག་ཉེ་ཤོས་ཀྱི་རི་རྩེར་སྲུང་སྐྱེལ་བྱས།
         མེ་མཆོག་ཇོ་རིའི་རྩེ་མོར་མི་ནུབ་པར་ཡུན་འབར་ཐུབ་པ་དེ་ནི་རི་འཛེགས་ལུས་རྩལ་དང་དེང་རབས་ཨོ་ལིམ་ཕིག་དབར་སྦྲེལ་མཐུད་བྱུང་ཐེངས་དང་པོ་དེ་རེད་ལ། ཀྲུང་གོའི་རི་འཛེགས་བྱ་གཞག་ལ་ཕུན་སུམ་ཚོགས་པའི་ཤུལ་བཞག་བཞག་པ་ཞིག་ཀྱང་རེད། དུས་ཡུན་ཧ་ཅང་རིང་པོའི་ནང་རེ་འཛེགས་ལུས་རྩལ་ཏེ་མིའི་རིགས་ཀྱི་མཐའ་ཚད་ལ་འགྲན་སློང་བྱེད་པའི་ལུས་རྩལ་དེ་མི་ཉུང་ཤས་ཀྱི་རྩེད་མོར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མདུན་དུ་ཀྲུང་གོས་བོད་རིགས་དང་རྒྱ་རིགས་སོགས་མི་རིགས་མང་པོའི་ལུས་རྩལ་པ་ལས་གྲུབ་པའི་རི་འཛེགས་དཔུང་ཁག་ཅིག་བཙུགས་ཡོད། 1960ལོའི་ཟླ་གསུམ་པར་རི་འཛེགས་རུ་མིས་ཇོ་རིའི་བྱང་ངོས་ནས་རྩེ་མོར་འཛེགས་པ་ནས་བཟུང་། ཀྲུང་གོའི་རི་འཛེགས་རུ་མིས་ཟིན་ཐོ་གསར་པ་ཡང་ནས་ཡང་དུ་བཏོད་ཡོད།
         ཇོ་རིའི་དཔལ་འབར་བརྒྱུད་སྤྲོད་བྱས་རྗེས་ཀྲུང་གོའི་རི་འཛེགས་བྱ་གཞག་གི་རྩ་ཆེའི་སྲོལ་རྒྱུན་དང་སྟོབས་ཤུགས་ཆེན་པོ་དེ་ཨོ་རྩལ་འགྲན་ཚོགས་ཀྱི་སྟེགས་བུ་བརྒྱུད་ནས་མི་ཀུན་གྱིས་རྒྱུས་མངའ་བྱུང་བ་དང་། རི་འཛེགས་ལུས་རྩལ་དང་ཕྱི་རོལ་དུ་འཚོ་གནས་ཀྱི་སྙིང་སྟོབས་དེ་སྤྱི་ཚོགས་དང་མཐོ་སློབ་ཁྲོད་ཁྱབ་གདལ་སོང་ཡོད། དཔལ་འབར་བརྒྱུད་སྤྲོད་འགན་ལེན་ལས་དོན་ནང་ཞུགས་པའི་བོད་ཀྱི་རི་མཐོའི་སྣེ་ཤན་དང་། མཐུན་སྦྱོར། རི་འཛེགས་བཅས་ཀྱི་རྗེས་གྲབས་ཤེས་ལྡན་མི་སྣར་ཀུན་གྱི་དོ་སྣང་བྱུང་བ་དང་དེའི་ཁྲོད་ཀྱི་མི་མང་པོར་དེ་ནས་བཟུང་ཟབ་སྦྱོང་གི་གོ་སྐབས་མང་པོ་ཐོབ་ཡོད། དཔལ་འབར་ཇོ་རིའི་རྩེ་མོར་སྤོར་རྒྱུ་འགན་ལེན་བྱེད་པའི་ལག་ལེན་དངོས་ཀྱིས་སླད་ཕྱིན་ཇོ་རིར་བོད་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ལས་རི་འཛེགས་ལས་རིགས་གཉེར་སྐྱོང་བྱ་རྒྱུར་རྨང་གཞི་བཏིངས་ཡོད།
         ལོ་བཅུའི་གོང་ཀྲུང་གོའི་རི་འཛེགས་པ་ཚོས་མིའི་རིགས་ཀྱི་ཚབ་བྱས་ཏེ་འགྲན་ཟླ་བྲལ་བའི་བློ་སྟོབས་དང་། བློ་གྲོས། ཤེད་ཤུགས་བཅས་ཀྱི་ཐོག་ནས་འཛམ་གླིང་གི་ཡང་རྩེར་གོ་ལ་ཧྲིལ་པོའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འདུས་པའི་ཨོ་རྩལ་མེ་མཆོག་སྤར་ཡོད། ལོ་བཅུ་སོང་རྗེས་ཀྲུང་གོས་སྔར་བཞིན་བློ་དཀར་སེམས་དཀར་དང་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱ་རྒྱུར་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་འབུལ་བཞིན་ཡོད། ཇོ་རིའི་མདུན་དུ་ཀྲུང་གོའི་རི་འཛེགས་པ་ཚོས་རྒྱལ་ཁབ་ཁག་གི་རི་འཛེགས་པས་རང་འགུལ་ངང་མཛའ་བརྩེ་དང་རོགས་རེས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རི་འཛེགས་ཀྱི་སྒར་ས་ཆེན་པོ་དེ་མིང་དོན་མཚུངས་པའི་ས་གོ་ལའི་གྲོང་ཚོ་ཆུང་ངུ་ཞིག་ཏུ་འགྱུར་རྒྱུར་འབོད་སྐུལ་བྱས་ཡོད། དེང་སྐབས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་མདུན་དུ་ང་ཚོས་ཀྱང་ཁོང་ཚོ་ལྟར་དགེ་སེམས་འཆང་བཞིན་དུ་འགལ་ཟླ་མཐའ་དག་བསལ་ནས་སྣ་མང་རང་བཞིན་གྱི་རྨང་གཞིའི་ཐོག་མཐུན་ཆ་འཚོལ་བ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས།
         བརྗིད་ཆགས་ཇོ་རི་མི་འགྱུར་བརྟན་དུ་བཞུགས། དཔལ་འབར་མེ་མཆོག་བསྐལ་བརྒྱའི་བར་དུ་མཆེད། ཨོ་ལིམ་ཕིག་གི་སྙིང་སྟོབས་ཇི་སྲིད་བར་དུ་གནས།
      

    ཕྱོགས་བསྡུས་གསར་འགྱུར།