འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།《ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་
    བསམ་འཆར་》བཀྲམ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མཚན་རྟགས་བཀོད་ནས་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་པ་རེད། (གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)
         《བསམ་འཆར་》ནང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ནི་ངལ་རྩོལ་པའི་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་བྱེད་པ་དང་། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་རྩ་བའི་བྱ་ཐབས་ཤིག་དང་། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་དང་འཚམ་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་གནས་ཀྱི་བླང་བྱ་ཞིག་ཡིན་པས། དེ་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གཙོ་རྒྱུ་ཀུན་འཛོམས་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་མཐོ་འབྲིང་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད་པ་རེད།
         《བསམ་འཆར་》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་དང་། བཟོ་སྐྲུན་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་ངལ་རྩོལ་པའི་ལས་ཞུགས་ལས་གཏོད་ཀྱི་དགོས་མཁོ་དང་འཚམ་པ། ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ལ་སྐུལ་འདེད་གཏོང་བ། ལས་རིགས་རྩལ་ནུས་གསོ་སྦྱོང་གཞི་ཁྱོན་ཆེན་པོས་བྱེད་པ། གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་ནུས་ལྡན་གཏོང་བ་བཅས་བྱས་ནས་ཤེས་བྱའི་རྣམ་པ་དང་། རྩལ་ནུས་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ངལ་རྩོལ་པའི་དཔུང་ཁག་ཆེན་པོ་འཛུགས་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་ཀུན་ཕན་དོ་སྙོམས་ལ་སྐུལ་འདེད་དང་། དགོས་མཁོའི་སྟོན་ཕྱོགས་མཐའ་འཁྱོངས། སྒྲིག་གཞི་ལམ་སྲོལ་གསར་གཏོད། སྤྱི་འདོམས་སྐུལ་འདེད་མཐའ་འཁྱོངས་བཅས་ཀྱི་གཞི་རྩའི་རྩ་དོན་གསལ་སྟོན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་ཡོངས་ལ་ཁྱབ་པ་དང་། ངལ་རྩོལ་པའི་ཚེ་གང་སློབ་སྦྱོང་དང་ལས་ཀའི་ནང་ཁྱབ་པ། ལས་ཞུགས་ལས་གཏོད་དང་ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་དགོས་མཁོ་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བཅས་ཀྱི་ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཛུགས་པ་དང་འབྲེལ་ཁྱབ་གདལ་བཏང་སྟེ་གསོ་སྦྱོང་བྱ་ཡུལ་ཀུན་ཕན་ཅན་དང་། གསོ་སྦྱོང་ཐོན་ཁུངས་ཁྲོམ་ར་ཅན། གསོ་སྦྱོང་གཞི་རྟེན་སྣ་མང་ཅན། གསོ་སྦྱོང་བྱ་ཐབས་སྣ་མང་ཅན། གསོ་སྦྱོང་དོ་དམ་ཚད་ལྡན་ཅན་བཅས་ཡོང་བ་བྱས་ནས་2020ལོའི་རྗེས་སུ་ངལ་རྩོལ་པའི་གསོ་སྦྱོང་གི་དགོས་མཁོ་སྤྱིར་ན་བསྐངས་ཐོག་གཞི་ཁྱོན་ཧ་ཅང་ཆེ་བའི་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་དང་གྲངས་ལས་འདས་པའི་བྱང་ཚད་མཐོ་བའི་ངལ་རྩོལ་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པ་སྟེ། གཅིག་ནི་ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་གི་མ་ལག་བསྐྲུན་དགོས། ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྲིད་ཇུས་དང་སྒྲིག་འཛུགས་ལག་བསྟར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་ལས་གཏོད་ཀྱི་གཙོ་གནད་ཚོགས་སྤྱིར་དམིགས་ནས་ལས་ཞུགས་རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་བྱེད་པ། ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁེ་ལས་ཀྱི་ལས་བཟོའི་ལས་གནས་རྩལ་ནུས་ཆེར་གཏོང་གི་གསོ་སྦྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་དགོས་མཁོ་དང་འཚམ་པ་བྱས་ནས་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་ནུས་ལྡན་རྒྱག་པ། ལས་གཏོད་གསར་གཏོད་ཀྱི་གསོ་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་བཟོ་བོའི་སྙིང་སྟོབས་དང་ལས་རིགས་བྱང་ཚད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་འཕེལ་རྒྱས་ལམ་སྲོལ་དང་། རྩལ་ནུས་ཤེས་ལྡན་མི་སྣར་སྣ་མང་གདེང་འཇོག་གི་ལམ་སྲོལ། ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་ལ་ཚོད་སྐོར་གྱི་ལྟ་སྡོམ་གྱི་ལམ་སྲོལ། རྩལ་ནུས་ཆེར་གཏོང་གི་ཐབས་ལམ་མང་པོའི་སྐུལ་ལྕག་ལམ་སྲོལ་བཅས་འཛུགས་དགོས་པ། གསུམ་ནི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་རྨང་གཞིའི་འཇོན་ཐང་ཆེ་རུ་གཏོང་དགོས། ལས་རིགས་རྩལ་ནུས་གསོ་སྦྱོང་ཞབས་ཞུའི་འཇོན་ཐང་ཆེར་གཏོང་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་གི་སློབ་ཁྲིད་ཐོན་ཁུངས་འཛུགས་སྐྱོང་དང་ལས་རིགས་རྩལ་ནུས་གསོ་སྦྱོང་གི་རྨང་གཞིའི་ལས་སྟེགས་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
          《བསམ་འཆར་》ནང་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་གྱིས་སྤྱི་པའི་ནོར་སྲིད་འགན་ལེན་ལས་དོན་ལེགས་པར་སྒྲུབ་པ་དང་། ཐབས་ལམ་མང་པོའི་ཐོག་ནས་གྲོན་དངུལ་གྲབས་གསོག་བྱེད་པ། སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་བཅས་སྣ་མང་ཞུགས་པའི་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ཐོག་ངལ་རྩོལ་གཟི་བརྗིད་ཡིན་པའི་སྤྱི་ཚོགས་ཀྱི་དར་སྲོལ་དང་ཡག་ཐོག་ཡག་བརྩེགས་ཀྱི་ལས་བཀུར་རྣམ་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།