འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་མིག་མངས་དེ་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ལུས་རྩལ་འགྲན་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་མིག་མངས་རིགས་ཀྱི་འགྲན་བསྡུར་ཁྲོད་ནས་ཤེས་རྟོགས་བྱུང་བར། ལོ་བཞི་ལྷག་ཙམ་ཁྱབ་གདལ་བཏང་བ་བརྒྱུད། ལྷ་སའི་སློབ་གྲྭ་འབྲིང་ཆུང་མི་ཉུང་བ་ཞིག་ཏུ་མིག་མངས་ཀྱི་སྤྲོ་སྣང་འཛིན་གྲྭ་བཙུགས་ཡོད་པ་དང་། བོད་དུ་མིག་མངས་ལ་དགའ་པོ་ཡོད་མཁན་ཁྲི་2ལྷག་ཙམ་ཟིན་ནས་མིག་མངས་དེ་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཡག་ཤོས་ཀྱི་དུས་སྐབས་སུ་སླེབས་ཡོད་པ་རེད།
         མིག་མངས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། མིག་མངས་རིགས་ཕུན་སུམ་ཚོགས་པོ་ཡོད་པ། ཕོ་མོ་རྒན་གཞོན་ཚང་མས་རྩེད་རྒྱུར་འཚམ་པོ་ཡོད་པས། རྩལ་འགྲན་རང་བཞིན་དང་ལྟ་འདོད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཞིང་། དེ་ནི་བོད་ཀྱི་སྤྱི་ཚོགས་དང་རིག་གནས་འཚོ་བའི་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་མིག་མངས་རིགས་ཀྱི་འགྲན་བསྡུར་ཁྲོད་མིག་མངས་དེ་ཐེངས་དང་པོར་ལུས་རྩལ་རྣམ་གྲངས་ཤིག་ཏུ་བརྩིས་ནས་འགྲན་བསྡུར་ནང་བཅུག་པས། མིག་མངས་ལ་དགའ་པོ་ཡོད་མཁན་མང་པོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་འགྲན་བསྡུར་གྱི་བདམས་ཐོན་པའི་ལོ་ན་ཆ་མི་མཉམ་པས་ཆེ་ཤོས་ལོ་62དང་ཆུང་ཤོས་ལོ་8ཡིན་པ་རེད།
         འགྲན་བསྡུར་ནང“མིག་མངས་ཀྱི་འགྲིག”དང“སྟག་རྩེད་ལུག་རྩེད་དང་རྒྱལ་པོ་རྒྱལ་འཛིང”རིགས་གཉིས་ཡོད་པ་དང་། བསྐྱར་ཟློས་སྐར་གསོག་གི་འགྲན་བསྡུར་བྱེད་ཐབས་སྤྱད་དེ་བརྗེ་རེས་བྱས་ནས་མིག་མངས་རྩེ་བ་དང་རྒྱལ་ན་སྐར་མ་གཉིས་དང་ཕམ་ན་སྐར་མ་ཀླད་ཀོར་ཡིན་པས་མཐའ་མར་སྐར་གསོག་མཐོ་ཤོས་ཀྱི་བདམས་ཐོན་པ་དེ་ཨང་དང་པོར་བརྩི་ཡི་ཡོད། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པའི་མིག་མངས་རྩེད་རྩལ་མི་འདྲ་བས་མིག་མངས་རྩེད་སྟངས་མང་པོ་ཞིག་སྐར་མ་བཅུ་ལྷག་ཙམ་ནས་མཐོ་དམའི་དབྱེ་བ་ཕྱེ་ཐུབ་ཀྱི་ཡོད་པ་དང་མིག་མངས་མཁས་ཅན་གྱིས་འགྲན་བསྡུར་བྱེད་སྐབས་བསམ་བློ་ཞིབ་ཚགས་གཏོང་བ་དང་འཐབ་རྩལ་རྒྱུན་ཆད་རྒྱུ་མེད།
         “མིག་མངས་ཀྱི་འགྲིག”འགྲན་བསྡུར་བྱ་ཡུལ་དུ་གསར་འགོད་པས་འགྲན་བསྡུར་ནང་ཞུགས་མཁན་ཁྲོད་ལས་ལོ་ན་ཆུང་ཤོས་ཀྱི་བདམས་ཐོན་པ་མཐོང་བ་དང་། ལོ་8ལ་སླེབས་པའི་རིན་ཆེན་དབང་མོས་རང་ཉིད་ལས་ལོ་30ཡིས་ཆེ་བ་ཡོད་པའི་སྐལ་བཟང་ཕུན་ཚོགས་དང་འགྲན་བསྡུར་བྱེད་བཞིན་ཡོད་པ་རེད། ལོ་ན་ཆུང་ཆུང་ཡིན་ཡང་མིག་མངས་རྩེད་སྟངས་ཧ་ཅང་མཁས་པོ་ཡོད་པ་རེད། སྐར་མ་20ལྷག་ཙམ་འགྲན་བསྡུར་བྱས་པ་བརྒྱུད་ཁ་གཏད་ཕམ་པ་རེད། སྔ་དྲོའི་རེས་སྐོར་གཉིས་ཀྱི་འགྲན་བསྡུར་ནང་རིན་ཆེན་དབང་མོ་བདེ་བླག་ངང་རྣམ་པར་རྒྱལ་ཡོད་པ་རེད།
         བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་དྲུང་ཆེ་ངག་དབང་སྤེན་པས། མིག་སྔར་བོད་ཀྱི་གཞོན་ནུ་ལོ་ཆུང་མང་པོ་ཞིག་མིག་མངས་རྩེ་རྒྱུར་དགའ་པོ་ཡོད་པ་དེ་ནི་བོད་ཀྱི་མིག་མངས་འཕེལ་རྒྱས་འགྲོ་བའི་བརྡ་རྟགས་ཡག་པོ་ཞིག་རེད། ད་ཐེངས་ཀྱི་འགྲན་བསྡུར་ནི་བོད་ཀྱིས་ལོ་མང་རིང་མིག་མངས་ཁྱབ་གདལ་བཏང་བའི་གཅིག་སྡུད་ཀྱི་མཚོན་ཚུལ་ཞིག་རེད། གཞན་ཡང་མིག་མངས་སྔར་བས་ཁྱབ་གདལ་དང་ངོ་སྤྲོད་བྱ་ཆེད། མིག་མངས་ཀྱི་སྒྲིག་སྲོལ་མི་འདྲ་བ་ཞིབ་ཕྲ་བཀོད་པའི་དེབ་སྟེ་《བོད་རིགས་ཀྱི་མིག་མངས་རྩེད་སྟངས་》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱེད་ཉེར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།