འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།"ཝ་རྔོན་བྱ་སྤྱོད"ལ་བརྟེན་ནས་ཉེས་གསོག་དོགས་ཅན་ལྔ་རྒྱལ་ནང་དུ་འཛིན་སྐྱེལ་རྩིས་སྤྲོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཧན་གོའི་ཁྲིམས་འཛིན་སྡེ་ཚན་གྱི་གཞོགས་འདེགས་ཧུར་ཐག་དང་ཧན་གོར་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་དང་དེ་བཞིན་ཉེས་དོན་འབྲེལ་གཏུག་དཔོན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ཟླ་5ཚེས་4ཉིན། སྤྱི་བདེ་པུའི“ཝ་རྔོན་བྱ་སྤྱོད”ལས་དོན་ཚོགས་ཆུང་གིས་ཅི་ཆེ་གེ་མོ་སོགས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་གྱི་ཉེས་པ་བསགས་པའི་ཉེས་གསོག་དོགས་ཅན་ལྔ་རྒྱལ་ནང་དུ་འཛིན་སྐྱེལ་རྩིས་སྤྲོད་བྱས་པ་རེད།
         2012ལོའི་ཟླ་1ནས་བཟུང་། ཉེས་གསོག་དོགས་ཅན་ཀྲའོ་ཆེ་གེ་མོ་དང་། ཅི་ཆེ་གེ་མོ། ཝུན་ཆེ་གེ་མོ། ལི་ཆེ་གེ་མོ། ཏུང་ཆེ་གེ་མོ། མཱ་ཆེ་གེ་མོ་སོགས་ཀྱིས་དངུལ་རྩའི་གཙོ་གཉེར་དོ་དམ་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པ་དང་བཅོལ་དངུལ་བསྡུ་ལེན་གྱི་ལས་སྒོ་གཉེར་དབང་མེད་པའི་གནས་ཚུལ་འོག སྤྱི་དམངས་ཀྱི་ལག་ནས་ཁྲིམས་འགལ་ངང་མི་དམངས་ཤོག་སྒོར་དུང་ཕྱུར་1.4བསྡུ་ལེན་བྱས་པ་དང་མི་དམངས་ཤོག་སྒོར་9744ལྷག་ཙམ་སྤྲད་མེད། གྱོད་གཞི་ཐོན་རྗེས་ཀྲའོ་ཆེ་གེ་མོ་སོགས་གཅིག་རྗེས་གཉིས་མཐུད་ངང་ཧན་གོར་བྲོས་བྱོལ་དུ་སོང་ནས་ཅི་ཀྲོའུ་གླིང་ཕྲན་དུ་རྒྱུན་སྡོད་ཐོབ་ཐང་རག་ཡོད་པ་རེད། 2015ལོའི་ཟླ་7པར། ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཀྲའོ་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་གྱིས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་བྱས་པའི་གྱོད་གཞི་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་རེད། 2016ལོའི་ཟླ་12པར། ལུའོ་དབྱང་གྲོང་ཁྱེར་ལུའོ་ལུང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་གྱི་ཉེས་པ་བསགས་པའི་ཀྲའོ་ཆེ་གེ་མོ་དང་། ཅི་ཆེ་གེ་མོ། ཝུན་ཆེ་གེ་མོ། ལི་ཆེ་གེ་མོ། ཏུང་ཆེ་གེ་མོ། མཱ་ཆེ་གེ་མོ་བཅས་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།
         ཀྲའོ་ཆེ་གེ་མོ་སོགས་བྲོས་བྱོལ་དུ་སོང་རྗེས་སྤྱི་བདེ་པུའི“ཝ་རྔོན་བྱ་སྤྱོད”གཞུང་དོན་ཁང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྲུང་གོ་རྒྱལ་ཁབ་ལྟེ་གནས་ཅུས་བརྒྱུད་འཛིན་བཟུང་བརྡ་ཁྱབ་དམར་པོ་གཏོང་རྒྱུའི་རེ་ཞུ་བྱས་པ་རེད། 2017ལོའི་ཟླ་6པར། སྤྱི་བདེ་པུས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གོང་གསལ་གྱི་ཉེས་གསོག་དོགས་ཅན་6ཧན་གོའི་ཁྲིམས་འཛིན་གཙོ་གཉེར་སྡེ་ཚན་ལ་འཛིན་སྐྱེལ་རྩིས་སྤྲོད་བྱ་རྒྱུའི་རེ་ཞུ་བྱས་པ་དང་འབྲེལ། དཔང་རྟགས་ཁུངས་བཙན་ཡང་བཏོན་པ་རེད། འདི་ལོའི་ཟླ་2ཚེས་27ཉིན། ཧན་གོ་ཕྱོགས་ཀྱིས་ཅི་ཆེ་གེ་མོ་དང་། ཝུན་ཆེ་གེ་མོ། ལི་ཆེ་གེ་མོ། ཏུང་ཆེ་གེ་མོ། མཱ་ཆེ་གེ་མོ་བཅས་བཟུང་བ་མ་ཟད། འཛིན་སྐྱེལ་རྩིས་སྤྲོད་ཀྱི་ཞིབ་གཅོད་བརྒྱུད་རིམ་ལག་བསྟར་བྱེད་འགོ་ཚུགས་པ་རེད། ཟླ་5ཚེས་1ཉིན། ཧན་གོ་ཁྲིམས་ཁང་གིས་ཅི་ཆེ་གེ་མོ་སོགས་མི་5ཀྲུང་གོར་འཛིན་སྐྱེལ་རྩིས་སྤྲོད་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། ཟླ་5ཚེས་3ཉིན། སྤྱི་བདེ་པུའི“ཝ་རྔོན་བྱ་སྤྱོད”གཞུང་དོན་ཁང་གིས་ཧོ་ནན་སྤྱི་བདེ་ལས་ཁུངས་དང་མཉམ་དུ་འཕྲལ་མར་ལས་དོན་ཚོགས་ཆུང་ཧན་གོར་མངགས་ནས་ཚེས་4ཉིན་མི་5པོ་དེ་དག་རྒྱལ་ནང་དུ་བཟུང་སྐྱེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།