འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་སྡེ་ཚན་གྱིས་མྱུར་བགྲོད་མེ་འཁོར་གྱི་སྤ་སེའི་རིན་གོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱུང་བར། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བའི་བླང་བྱ་དང་འཚམ་ཆེད། འདི་ལོའི་ཟླ་4ཚེས་10ཉིན། དུས་མཚམས་དང་པོའི་མེ་འཁོར་འཁོར་སྐྱོད་ལམ་ཐིག་ལེགས་སྒྲིག་བརྟན་པོ་བྱས་པའི་རྨང་གཞིའི་ཐོག་ལྕགས་ལམ་སྡེ་ཚན་གྱིས་འདི་ལོའི་ཟླ་7ཚེས་1ཉིན་ནས་བཟུང་དུས་མཚམས་གཉིས་པའི་མེ་འཁོར་འཁོར་སྐྱོད་ལམ་ཐིག་དང་ཤུགས་འགྲེམས་མེ་འཁོར་ཁག་གཅིག་གི་སྤ་སེའི་རིན་གོང་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད། 
         ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་འགན་ཁུར་བས་ད་རེས་ལམ་ཐིག་ལེགས་སྒྲིག་བྱ་རྒྱུའི་ནང་གཙོ་བོ་ནང་དོན་ཁག་བདུན་ཚུད་ཡོད་པ་སྟེ། གཅིག་ནི་ནན་ཅིང་ནས་ཝུའུ་ཧན་བར་དང་ལིའུ་ཀྲོའུ་ནས་ནན་ཉིང་བར་གྱི་མྱུར་བགྲོད་མེ་འཁོར་གྱིས་ཆུ་ཚོད་རེར་སྤྱི་ལེ་250ཡི་མྱུར་ཚད་ཐོག་ནས་སྐྱེལ་འདྲེན་བྱེད་པ་དང་དུས་མཚུངས། འབྲེལ་ཡོད་ལམ་ཐིག་གི་མེ་འཁོར་འཁོར་སྐྱོད་ལམ་ཐིག་ལེགས་སྒྲིག་བྱ་རྒྱུ་དང་། གཉིས་ནི་ཤུགས་འགྲེམས་མེ་འཁོར་ཁྲོམ་ར་ཅན་གྱི་གཏོང་འགོ་ཚུགས་པའི་ཇུས་གཞི་ལག་བསྟར་བྱས་ནས་རྒྱུན་གཏན་གྱི་ལམ་ཐིག་དང་། གཟའ་མཇུག་གི་ལམ་ཐིག མི་སྣ་འགྲོ་སྐྱོད་མང་བའི་དུས་ཚིགས་ཀྱི་ལམ་ཐིག་བཅས་བཀོད་སྒྲིག་བྱས་ཏེ་གཟའ་མཇུག་ཏུ་རྒྱུན་གཏན་ལས་ཤུགས་འགྲེམས་མེ་འཁོར་ཆ་193མང་དུ་གཏོང་རྒྱུ་དང་མི་སྣ་འགྲོ་སྐྱོད་མང་བའི་དུས་སུ་གཟའ་མཇུག་ལས་ཤུགས་འགྲེམས་མེ་འཁོར་ཆ་364མང་དུ་བཏང་ནས་སྐྱེལ་འདྲེན་བྱེད་ཤུགས་དང་འགྲུལ་སྐྱོད་ཀྱི་དགོས་མཁོ་འཚམ་གང་ཐུབ་བྱས་ཏེ་རྒྱུན་གཏན་དང་། གཟའ་མཇུག ངལ་གསོའི་དུས་ཚོད། དཔྱིད་གསར་སྐྱེལ་འདྲེན་བཅས་དང་དེ་བཞིན་འགྲུལ་སྐྱོད་མང་བའི་དུས་ཚིགས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ། གསུམ་ནི་ལམ་ཐིག་གསར་པའི་ཐོག་འགྲོ་འོང་བྱེད་པའི་འཆར་གཞི་གཞིར་བཟུང་། ཁྲུའུ་ཞུང་ནས་ཏ་ལི་བར་དང་ཧྲེན་ཀྲེན་ནས་ཀྲེན་ཅང་བར་གྱི་ལྕགས་ལམ་གྱི་ཅང་མོན་ནས་མའོ་མིང་ལམ་དུམ་བུ་བར་དང་ཧའར་པིན་ནས་ཅ་མུའུ་སིའི་ལམ་དུམ་བུའི་བར་གྱི་ལྕགས་ལམ་འཁོར་སྐྱོད་ལམ་ཐིག་བཟོ་རྒྱུ། བཞི་ནི་ཞུས་ཀྲོའུ་ནས་ལན་ཀྲོའུ་བར་དང་། ཤིས་ཨན་ནས་ཁྲེང་ཏུའུ་བར། ནན་ཉིང་ནས་ཀོང་ཀྲོའུ་བར། ཀུའེ་དབྱང་ནས་ཀོང་ཀྲོའུ་བར། ཁྲུང་ཆིང་ནས་ཀུའེ་དབྱང་བར། ཁྲེང་ཏུའུ་ནས་ཁྲུང་ཆིང་བར། ཧོ་ཕེ་ནས་ཕུའུ་ཀྲོའུ་བར། ནན་ཉིང་ནས་ཁྲེང་ཏུའུ་བར་སོགས་སུ་ཤུགས་འགྲེམས་མེ་འཁོར་མང་དུ་གཏོང་རྒྱུ། ལྔ་ནི་ད་ཡོད་ཀྱི་འགྲུལ་པའི་མེ་འཁོར་འགྲོ་སྐྱོད་ཇུས་གཞི་ལེགས་སུ་བཏང་ནས་འགྲོ་སྐྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། དྲུག་ནི་དབྱར་ཁའི་གུང་གསེང་གི་ཁྲོམ་རའི་དགོས་མཁོ་གཞིར་བཟུང་། དབྱར་ཁའི་གུང་གསེང་རིང་གི་གནས་སྐབས་འགྲུལ་སྐྱེལ་འཁོར་སྐྱོད་ལམ་ཐིག་བཟོ་རྒྱུ། བདུན་ནི་དོས་སྐྱེལ་མེ་འཁོར་གཏོང་ཚད་ལེགས་སྒྲིག་བྱས་ཏེ་དགོས་མཁོ་བཞིན་ཡོ་རོབ་དབུས་མ་དང་འབྲི་ཆུའི་རྒྱུད་སོགས་ཀྱི་དུས་གཏན་མེ་འཁོར་མང་དུ་གཏོང་བའི་ཇུས་གཞི་བཟོ་རྒྱུ་བཅས་རེད། ལམ་ཐིག་གསར་པ་ལག་བསྟར་བྱས་རྗེས་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ནུས་སྔར་བས་མཐོ་རུ་གཏོང་བ་དང་དུས་མཚུངས། ལྕགས་ལམ་གྱི་རྒྱལ་སྤྱིའི་ཟོག་འགྲེམས་དང་བྱ་ཐབས་མང་པོ་མཉམ་སྤྱོད་ཀྱི་སྐྱེལ་འདྲེན་མཉམ་འདྲེས་འཕེལ་རྒྱས་ཐད་སྐྱེལ་འདྲེན་ནུས་པ་དེ་བས་ཆེ་བ་མཁོ་འདོན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།