འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་བཅུའི་རིང“བྱེ་ཐང་གི་མེ་ཏོག”མཚར་སྡུག་རྣམ་པར་བཞད། 

    —— ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་བཙུགས་ནས་ལོ་བཅུ་འཁོར་བའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། འབྲུ་ཆར་དུས་ཚིགས་སུ། ཁེ་རོ་དང་སྤྱི་ལེ་120ལྷག་ཆོད་པའི་སུའུ་ཧོ་ནེ་ཆོན་གྲོང་ཁྱེར་དུ་གནས་པའི་ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྐྱོད་དེ་མཉམ་ལས་ཁུལ་བཙུགས་ནས་ལོ་10ཡི་རིང་གི་ཀྲུང་གོ་དང་ཨེ་ཅིབ་དབར་གྱི་ངོམ་ཆོག་པའི་མཉམ་འབྲེལ་གྲུབ་འབྲས་ལ་དཔང་པོ་བྱས་པ་ཡིན།
         ཀྲུང་ཨེ·ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་ཉིད་ལོ་10ཡི་རིང་འཕེལ་རྒྱས་ཕྱིན་ནས་མཚོ་དམར་འགྲམ་ངོགས་ཀྱི་བྱེ་ཐང་དུ་དེང་རབས་ཅན་གྱི་ཐོན་ལས་གྲོང་གསར་ཞིག་བསྐྲུན། གླིང་ཁུལ་གྱི་བགྲོད་ལམ་ཁོད་སྙོམས་ལ་རྒྱ་ཆེ་བ་དང་བཟོ་གྲྭའི་འཕྲུལ་ཆས་ཀྱི་སྒྲ་འུར་འུར་དུ་གྲགས་པ་མ་ཟད། མཉམ་ལས་ཁུལ་གྱི་གཞུང་ལས་ཐོག་ཁང་དེ་རྩི་ཤིང་གི་ཁྲོད་ནས་མངོན་ལ། ལེ་ལག་ཚང་བའི་གསོལ་མགྲོན་ཁང་དང་། ལས་ཤག དགའ་ཚལ་བཅས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པའང་འཕྲོགས། འདི་ནི་འདྲེན་བྱེད་དབང་པོ་འཕྲོག་པའི“བྱེ་ཐང་གི་མེ་ཏོག”རེད།
         ཨེ་ཅིབ་ཀྱི་ཐའེ་ཏའི་ཏུང་ཧྲི་ཀྲང་ལིའུ་ཨའེ་མིན་གྱིས། མིག་སྔའི་བར་བསྐྲུན་ཚར་བའི་སྤྱི་ལེ་ངོས་གྲུ་1.34ཟིན་པའི“འགོ་འཛུགས་ཁུལ”གཉེར་སྐྱོང་བརྟན་པོ་བྱེད་བཞིན་ཡོད་པ་དང་། 2016ལོར་གཉེར་སྐྱོང་བྱས་པའི་སྤྱི་ལེ་ངོས་གྲུ་6ཟིན་པའི“རྒྱ་སྐྱེད་ཁུལ”གྱི་མངོན་ཡོད་དང་མངོན་མེད་ཀྱི་སྒྲིག་ཆས་ཡོངས་འཐུས་སྒོ་ཚང་དུ་ཕྱིན་ཡོད། གླིང་ཁུལ་དུ་ཁེ་ལས་70ལྷག་བཅའ་སྡོད་བྱས་པའི་ནང་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་གྲས་ཀྱི་4ཡོད་པ་དང་། རིམ་རྩིས་བྱས་ན་མ་འཇོག་ཨ་སྒོར་དུང་ཕྱུར་10ལས་བརྒལ་བའི་ཡིད་དབང་བཀུག་ནས་ལོའི་ཐོན་རྫས་རིན་ཐང་ཨ་སྒོར་དུང་ཕྱུར་1.8ཟིན་ཏེ་ཡུལ་འདི་གར་ལས་གནས་3300བཏོད་ཡོད་ཅེས་ངོ་སྤྲོད་བྱས།
         གསར་འགོད་པ་གླིང་ཁུལ་གྱི་སྣེ་འདྲེན་ཁེ་ལས་ཀྱི་གྲས་ཅུས་ཧྲི་ཨེ་ཅིབ་ཤེལ་སྒོའི་ཚི་སྣ་ཀུང་སིར་བསྐྱོད་དེ་ཀྲུང་ཨེ་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་པར་ཤེས་རྟོགས་བྱས་པ་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། 2012ལོར་བཙུགས་པའི་ཅུས་ཧྲི་ཨེ་ཅིབ་ཤེལ་སྒོའི་ཚི་སྣ་ཚད་ཡོད་ཀུང་སིས་མིག་སྔའི་ཐོན་སྐྱེད་བྱ་ཡུལ་གསུམ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་བརྩམས་པར་ཁྱོན་ཨ་སྒོར་དུང་ཕྱུར་5.2བཏང་ཡོད། དེ་ནི་ཨེ་ཅིབ་ཏུ་ཡོད་པའི་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་མ་འཇོག་རྣམ་གྲངས་ཆེ་ཤོས་རེད། བཟོ་གྲྭ་དེར་མིག་སྔར་ཤེལ་སྒོའི་ཚི་སྣའི་ལོའི་ཐོན་འབོར་ཏུན་ཁྲི་20ཟིན་ལ་དེ་ཡང་ཨེ་ཅིབ་ཉིད་ཨ་རི་དང་ཀྲུང་གོའི་རྗེས་ཀྱི་ཤེལ་སྒོའི་ཚི་སྣའི་ཕྱིར་གཏོང་རྒྱལ་ཁབ་ཆེ་གྲས་གསུམ་པར་གྱུརཔ་རེད།
         ད་ལོ་ལོ་29ལ་སླེབས་པའི་ཨེ་ཅིབ་ཀྱི་ལས་མི་དབྱི་ཡ་ཏེས་ལས་གོས་གཙང་མ་ཞིག་གྱོན་ནས་ལས་ཀ་སྒྲུབ་ཚུལ་ནས་བྱང་ཆུབ་པ་མངོན། ཁོང་གིས“ང་ནི་ད་ཆ་ཀུང་སིའི་ཤེལ་སྒོའི་ཚི་སྣའི་འཐེན་སྐུད་འཁོར་ཁང་གི་ཀྲུའུ་རེན་གཞོན་པ་ཡིན། ངས་ལོ་ལྔའི་གོང་དུ་ཀྲུང་གོའི་ཁེ་ལས་སུ་ལས་ཀ་བྱས་པ་དང་། དེ་ནས་བཟུང་ངའི་ལས་ཀའི་འཕེལ་རིམ་དང་འཚོ་བའི་ཆུ་ཚད་ལེགས་སུ་ཆེན་པོ་ཕྱིན་སོང”ཞེས་སྤོབས་པ་དང་བཅས་གསར་འགོད་པར་བརྗོད།
         དབྱི་ཡ་ཏེས། ཀྲུང་གོའི་ཁེ་ལས་དང་ཀྲུང་གོ་ཕྱོགས་ཀྱི་དོ་དམ་མི་སྣས་ཐོན་སྐྱེད་ལག་རྩལ་བསླབས་པ་མ་ཟད་འཆར་གཞི་བཟོ་བ་དང་། ཐོན་སྐྱེད་བཀོད་སྒྲིག ལས་འགན་ལེགས་སྒྲུབ་ཇི་ལྟར་བྱེད་པ་སོགས་ཚུད་པའི་དོ་དམ་རྩལ་ནུས་ཀྱང་བསླབས་ནས་ཨེ་ཅིབ་ཀྱི་ལས་མི་ཁ་ཤས་ལ་རོགས་རམ་བྱས་ཏེ་ཐོན་སྐྱེད་པ་ནས་དོ་དམ་པའི་བར་གྱུར་བར་བྱས་ཡོད་ཅེས་བརྗོད།
         ཤེས་རྟོགས་བྱུང་བ་ལྟར་ན། ཁེ་ལས་དེའི་ལས་བཟོ་1800ནས་ཨེ་ཅིབ་ཀྱི་ལས་མིས་97%ལྷག་བཟུང་ཡོད། “ང་ཚོས་དབྱི་ཡ་ཏེ་ལྟ་བུའི་འབྲིང་རིམ་དོ་དམ་མི་སྣ་སྔར་བས་མང་བ་གསོ་སྐྱོང་བྱེད་བཞིན་ཡོད་པ་དང་། སླད་ཕྱིན་ང་ཚོས་ཐོན་སྐྱེད་ལྷུ་ཚིགས་ཚང་མ་ཨེ་ཅིབ་ཀྱི་ལས་མིར་འགན་འཁུར་དུ་འཇུག་རྒྱུ་ཡིན”ཞེས་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཝང་ཅན་ཧྥེས་བརྗོད།
         ཅུས་ཧྲི་ཨེ་ཅིབ་ཤེལ་སྒོའི་ཚི་སྣ་ཀུང་སིའི་འཕེལ་རྒྱས་གཟེངས་སུ་ཐོན་པ་ནི་ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་ཧྲིལ་པོ་ལོ་བཅུ་ཡི་རིང་གོང་འཕེལ་སོང་བའི་མཚོན་བྱེད་ཅིག་རེད། དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དུ་བཟོ་གྲྭ་བཙུགས་ཏེ་ཨེ་ཅིབ་ཀྱི་ལས་མི་གླས་པ་དང་། ཐོན་ཟོག་ཨེ་ཅིབ་རྒྱལ་ནང་གི་དགོས་མཁོའམ་ཡང་ན་ཐད་ཀར་ཕྱིར་གཏོང་བྱེད་པ་སོགས་དེ་ལྟ་བུའི་རང་ས་ཅན་གྱི་གཉེར་སྐྱོང་དང་རང་ས་ཅན་གྱི་ཐོན་སྐྱེད་བསམ་ཕྱོགས་ཀྱིས་ཀྲུང་ཨེ·ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དང་འབྲེལ་ཡོད་ཀྱི་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཅིབ་ཏུ་རྩ་བ་བརྟན་པོ་ཚུགས་ཐུབ་པ་རེད།
         ཡུལ་དེ་གར་རྟོག་ཞིབ་བྱེད་པའི་ནན་ཁའེ་སློབ་ཆེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀེ་ཧྲུན་ཆིས། འབྲེལ་ཡོད་ཁེ་ལས་ཀྱི“ཚོགས་འབྲེལ”གཞིས་ཆགས་ཀྱི་སྒྲུབ་སྟངས་ལ་བསྔགས་བརྗོད་ཆེན་པོ་བྱས་ཤིང་། ཁོང་གིས། གླིང་ཁུལ་གྱིས་ཚོང་འགུགས་མ་འདྲེན་དང་། གཟིགས་སྐྱོང་སྲིད་ཇུས་འདོན་པ། ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། དེ་བཞིན་ཡུལ་དེ་གའི་སྲིད་གཞུང་དབར་འབྲེལ་གཏུག་བྱེད་པའི་ཕྱོགས་ཀྱི་ཕན་འབྲས་དེ་ཁེ་ལས་རྐྱང་པ་དང་བསྡུར་ན་ལེགས་ཆ་མངོན་གསལ་དོད་པོ་ཡོད་ཅེས་བརྗོད།
          ཀེ་ཧྲུན་ཆིས་མི་འབོར་མང་བའི་རྒྱལ་ཁབ་ཀྱི་ངོས་ནས་ཨེ་ཅིབ་ལ་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད། ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་བཙུགས་ནས་ལོ་10ཡི་རིང་ཉམས་མྱོང་རྩ་ཆེན་མང་པོ་བསགས་པར་བརྟེན། འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཡངས་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་དབྱི་ཡན་དང་ཀྲེང་སི་ཡོན་གྱིས། 
      

    ཕྱོགས་བསྡུས་གསར་འགྱུར།