འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་རྒྱ་གར་གྱི་ཡུལ་སྐོར་ལས་རིགས་ཀྱི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་པ། 

    —— རྒྱ་གར་སི་ཏེ་ཁེ་ཡུལ་སྐོར་ཚོགས་པའི་ཀྲུའུ་ཞི་སུའུ་པ་ཧྲེན·ཀེ་ཡར་ལ་བཅར་འདྲི་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 12:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱ་གར་གྱི་སྐད་གྲགས་ཡོད་པའི་ཡུལ་སྐོར་ཞབས་ཞུའི་ཚོང་པ་སི་ཏེ་ཁེ་ཡུལ་སྐོར་ཚོགས་པའི་ཀྲུའུ་ཞི་སུའུ་པ་ཧྲེན·ཀེ་ཡར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་དང་རྒྱ་གར་གྱི་ཡུལ་སྐོར་ཁྲོམ་ར་དར་རྒྱས་མྱུར་པོ་ཕྱིན་པ་དེས་མིའི་སེམས་ཤུགས་འཕེལ་ཐུབ་ཅེས་བརྗོད་པ་དང་། ཁོང་གིས་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་ལས་རིགས་ཀྱི་མཉམ་ལས་ཀྱི་མདུན་ལམ་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།
         སྤྱི་ཁྱབ་པུའུ་རྡི་ལི་གསར་པར་གནས་པའི་སི་ཏེ་ཁེ་ཡུལ་སྐོར་ཚོགས་པ་1973ལོར་བཙུགས་པ་དང་། དེ་ནི་གོ་ལ་ཧྲིལ་པོའི་ཡུལ་སྐོར་དང་། མཁའ་འགྲུལ། གསོལ་མགྲོན་ཁང་བཅས་གྲགས་ཅན་སྤུས་རྟགས་མང་པོ་ལྡན་པའི་རྒྱ་གར་གྱི་ལས་སྒོའི་སྤྱི་ཁྱབ་ལས་ཚབ་རེད།
         ཀེ་ཡར་གྱིས་རྒྱ་གར་གྱི་ཡུལ་སྐོར་སྡེ་ཚན་གྱིས་ཤེས་རྟོགས་ཐུབ་པའི་གྲངས་གཞི་ལྟར་ན། 2017ལོར་རྒྱ་གར་དུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་25ཟིན་པ་དང་ཆབས་ཅིག་རྒྱ་གར་ཡང་ཀྲུང་གོའི་རྒྱལ་སྒྲོལ་ཡུལ་སྐོར་གྱི་འགྲུལ་པའི་ཡོང་ཁུངས་ཀྱི་ཁྲོམ་ར་གལ་ཆེན་ཞིག་ཏུ་གྱུར་ཅིང་། ན་ནིང་རྒྱལ་ཁབ་གཉིས་པོའི་ཕན་ཚུན་སྤེལ་རེས་མི་གྲངས་མི་ཐེངས་ཁྲི་བརྒྱ་ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས།
         ཀེ་ཡར་གྱི་མིང་བྱང་གི་རྒྱབ་ཏུ་མཁའ་འགྲུལ་ཀུང་སི་མང་པོའི་ལན་སྤར་བཀོད་ཡོད་པའི་ཁྲོད་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཨང་དང་པོར་བཞག་ཡོད་པ་གསར་འགོད་པར་དོ་སྣང་བྱུང་། དེའི་ཐད་ཁོང་གིས་2002ལོ་ནས་ཀུང་སིས་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་དང་ལས་སྒོའི་མཉམ་ལས་བྱས་པ་ཡིན་ཞེས་འགྲེལ་བཤད་བརྒྱབ། རྒྱ་གར་དུ་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་གྱི་ལས་སྒོ་མང་དུ་ཕྱིན་པ་དང་སྦྲགས་ལས་ཚབ་ཀུང་སི་སི་ཏེ་ཁེ་ཡུལ་སྐོར་ཚོགས་པའི་འབྲེལ་ཡོད་ཡོང་འབབ་ཀྱང་དེ་མཚུངས་ཀྱིས་མང་དུ་ཕྱིན་ཡོད།
         ཀེ་ཡར་གྱིས“ཀྲུང་གོ་དང་རྒྱ་གར་གྱི་ཡུལ་སྐོར་ལས་རིགས་མཉམ་ལས་ཀྱི་ལེགས་ཆ་ཆེ་ཤོས་ནི་ང་ཚོ་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱང་རེད”ཅེས་བརྗོད་པ་དང་ཁོང་གིས“ཀུང་སིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་རྒྱ་གར་གྱི་ཡུལ་སྐོར་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་འཚོལ་ཞིབ་བྱེད་བཞིན་ཡོད”ཅེས་བརྗོད།
         འབྱུང་འགྱུར་གྱི་སྐོར་གླེང་སྐབས། ཀེ་ཡར་གྱིས་ཀྲུང་གོ་དང་རྒྱ་གར་གྱི་ཡུལ་སྐོར་ཁྲོམ་རར་མདུན་ལམ་ཆེན་པོ་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་ཚོང་དོན་དང་། ཚོང་ལས། ཡུལ་སྐོར་བཅས་ཀྱི་འགྲོ་འོང་རྒྱུན་མཐུད་མང་དུ་ཕྱིན་པ་དང་བསྟུན་ནས་སླད་ཕྱིན་འབྲེལ་ཡོད་གྲངས་གཞི་ཡང་མངོན་གསལ་དོད་པོས་འཕར་རྒྱུ་རེད་ཅེས་བརྗོད།
         འབྲེལ་ཡོད་ལས་ཁུངས་ཀྱི་ཞིབ་འཇུག་བྱས་འབྲས་ལས་མངོན་དོན། འབྱུང་འགྱུར་ལོ་5ཡི་རིང་། ཀྲུང་གོ་དང་རྒྱ་གར་གྱི་མཁའ་འགྲུལ་ཁྲོམ་རའི་ལས་སྒོ་ལོར་ཆ་སྙོམས་8.8%འཕར་རྒྱུ་དང་། 2018ལོར་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོའི་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་ཁྲི་100ལྷག་ཟིན་རྒྱུ་དང་2021ལོར་སླེབས་སྐབས་མི་ཐེངས་ཁྲི་130ཟིན་རྒྱུ་རེད། ཉེ་བའི་ལོ་གཉིས་རིང་། ཀྲུང་གོས་རྒྱ་གར་ལ་མ་འཇོག་བྱེད་ཤུགས་ཆེ་རུ་ཤུགས་ཆེན་བཏང་བ་དང་དེ་བཞིན་རྒྱ་གར་གྱིས་ཀྲུང་གོར་གློག་རྡུལ་ཐོངས་མཆན་འགོད་པའི་སྲིད་ཇུས་ལག་ལེན་བསྟར་བ་དེས་ཁྲོམ་རར་སྐུལ་ཁྲིད་ནུས་ལྡན་ཐུབ་པར་ཕྱོགས་བསྡུས་བསམ་གཞིག་བྱེད་སྐབས། འབྱུང་འགྱུར་ཀྲུང་གོ་དང་རྒྱ་གར་གྱི་མཁའ་འགྲུལ་ཁྲོམ་རའི་ལས་སྒོ་ལོར་ཆ་སྙོམས་འཕར་ཚད་10%ལྷག་ཙམ་ཟིན་རེ་ཡོད།
         “སླད་ཕྱིན་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་གྱི་གནམ་གྲུ་ཉིན་ལྟར་ཐེངས་རེའམ་ཐེངས་གཉིས་རྒྱ་གར་གྱི་གྲོང་ཁྱེར་གཙོ་བོར་འཕུར་ཐུབ་པ་དང་། རྒྱ་གར་གྱི་མཁའ་འགྲུལ་དང་ཅེ་ཐེ་སོགས་རྒྱ་གར་གྱི་མཁའ་འགྲུལ་ཀུང་སིའི་གནམ་གྲུའང་ཀྲུང་གོའི་གྲོང་ཁྱེར་གཙོ་གྲས་ཁག་ཏུ་འཕུར་བའི་གོ་སྐབས་རག་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཀེ་ཡར་གྱིས་བརྗོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཤིང་ཅུན་གྱིས། 
      

    ཕྱོགས་བསྡུས་གསར་འགྱུར།