འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་ས་ཁུལ་ཁག་གིས་ཆུ་ཚོད་24ཡི་སྡོད་བྱའི་
    ལམ་ལུགས་དང་དོན་རྐྱེན་སྙན་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས་ཞེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་《མིག་སྔའི་རྡོ་སོལ་གཏེར་རི་མིན་པའི་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་ནས་ས་ཁུལ་ཁག་གིས་འགོ་ཁྲིད་ལས་བྱེད་པའི་སྡོད་བྱ་བརྟན་སྲུང་དང་། འགག་རྩའི་ལས་གནས་སུ་ཆུ་ཚོད་24ཡི་སྡོད་བྱའི་ལམ་ལུགས་དང་དོན་རྐྱེན་སྙན་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས་པའི་བླང་བྱ་བཏོན་པ་རེད།
         འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་རྡོ་སོལ་གཏེར་རི་མིན་པའི་ཁེ་ལས་འབོར་ཆེན་གྱིས་ཐོན་སྐྱེད་སླར་གསོ་དང་ལས་འགོ་བཙུགས་པ་མ་ཟད། རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ཏུ་ཆུ་རྒྱས་པའི་དུས་རིམ་གྱིས་འཆར་བས་རྡོ་སོལ་གཏེར་རི་མིན་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་སླ་བ་དང་ཡང་སེ་ཐོན་སྟབས། ས་ཁུལ་ཁག་གིས་ལྕགས་རིགས་དང་ལྕགས་རིགས་མིན་པའི་གཏེར་རིར་དག་ཐེར་མཚམས་འཇོག་དང་། ས་འོག་གཏེར་རིའི་རླུང་བགྲོད་མ་ལག་དང་མེ་སྐྱོན་སྔོན་འགོག་ལས་དོན་ལ་དོ་དམ། རྡོ་སོལ་རིགས་ཀྱི་གཏེར་རིའི་དོན་རྐྱེན་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག གཏེར་ཁའི་སྙིགས་རོའི་མཛོད་ཀྱི“ཐོག་མའི་མཛོད”དང་ས་འོག་གཏེར་བསྔོགས་ཟིན་པའི་ཁུལ་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག རྗེས་ལུས་ཀྱི་བཟོ་རྩལ་སྒྲིག་ཆས་འདོར་བ་སོགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྒྲིག་འཛུགས་ཀྱིས་སྤེལ་དགོས། འགོ་ཁྲིད་ལས་བྱེད་པའི་སྡོད་བྱ་བརྟན་སྲུང་དང་འགག་རྩའི་ལས་གནས་སུ་ཆུ་ཚོད་24ཡི་སྡོད་བྱའི་ལམ་ལུགས་དང་དོན་རྐྱེན་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་དོན་རྐྱེན་ཐོན་པའམ་ཡང་ན་ཛ་དྲག་གི་གནས་ཚུལ་འཕྲད་ཚེ། འཕྲལ་དུ་སྙན་ཞུ་འབུལ་བའམ་ཡང་ན་འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་། དོགས་ཟོན་བྱེད་ཐབས་ཏན་ཏིག་དང་ནུས་ལྡན་སྤྱད་ནས་ཁ་གཏད་ཡག་པོ་བཅག་སྟེ་ཉེན་ཁའི་གནས་ཚུལ་བྱུང་མ་ཐག་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་། ཚན་རིག་དང་མཐུན་ལ་ནུས་ལྡན་ངང་ཐག་གཅོད་བྱེད་ཐུབ་པ་བྱེད་དགོས།
         འགན་འཁུར་བ་དེས་ས་ཁུལ་ཁག་གིས་རིགས་ཁག་གི་ས་འོག་གཏེར་རིར་རླུང་བགྲོད་འཕྲུལ་ཆས་གཙོ་བོ་བསྒར་ནས་གཏན་འབེབས་ལྟར་སྤྱོད་དགོས་པ་དང་། མེ་སྐྱོན་སྔོན་འགོག་ལས་དོན་གྱི་ཞིབ་མཆན་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་དུག་ཕོག་ནས་དབུགས་འགགས་པ་དང་མེ་སྐྱོན་དོན་རྐྱེན་གྱི་ཆེད་དོན་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་པ་མ་ཟད། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་པའི་ཐད་ལྟ་སྐུལ་བྱེད་དགོས་པ་དང་། རིགས་ཁག་གི་ཐོག་མེད་གཏེར་རིའི་གཟར་ངོས་བརྟན་པོ་ཡོད་མེད་ཀྱི་ལྟ་དཔྱད་ཚད་ལེན་དང་ཉེན་བརྡའི་བརྡ་རྟགས་འཛུགས་པ་སོགས་ཀྱི་དོགས་ཟོན་བྱེད་ཐབས་གཙོ་བོ་དོན་འཁྱོལ་ཏན་ཏིག་བྱེད། མཐོ་ཚད་སྨི་200ཡན་གྱི་གཟར་ངོས་སུ་སྤྱོད་བཞིན་པའི་ལྟ་ཞིབ་ཚད་ལེན་མ་ལག་བརྟན་པོ་དང་བློས་འགེལ་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ། ཉེན་ཁའི་གནས་ཚུལ་དང་གནམ་གཤིས་ངན་པ་སྟོན་སྐབས་གཟར་ངོས་སུ་མཐའ་གཅིག་ཏུ་ཐོན་སྐྱེད་བྱེད་མཚམས་བཞག་ནས་མི་སྣ་ཕྱིར་འཐེན་བྱ་རྒྱུའི་སྐུལ་ལྕག་བྱེད་དགོས་པ། སྙིགས་རོའི་མཛོད་ཀྱི་ཁེ་ལས་ཀྱིས་ཆུ་རྒྱས་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། ཡུལ་དེའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དང་འཕྲལ་སྡོམ་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆུ་མ་རྒྱས་གོང་ཆུ་ལོག་གཤོང་ཆས་ལ་ཞིབ་བཤེར་དང་། ཉམས་བཟོ། འདྲུ་བཤང་བཅས་བྱས་ནས་ཆུ་ལོག་གཤོང་ཆས་བེད་སྤྱོད་ལེགས་པོ་ཐུབ་པ་མ་ཟད། དགོས་ངེས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ཡོ་བྱད་དང་། སྒྲིག་ཆས། དངོས་ཟོག་བཅས་བཀོད་སྒྲིག་བྱེད་པར་སྐུལ་ལྕག་བྱེད་དགོས་ཞེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་ཟླ་5པ་ནས་ཟླ་8པའི་བར་རྡོ་སོལ་གཏེར་རི་མིན་པའི་གཙོ་གནད་ལས་དོན་ལེགས་སྒྲུབ་ཀྱི་གནས་ཚུལ་དང་ཆུ་རྒྱས་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་སྒྲིག་འཛུགས་ཀྱིས་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།