འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཀྱི་བྱ་ཐབས་ཀྱིས་འདི་ལོ་རང་རྒྱལ་གྱི་དཔྱ་ཁྲལ་སྒོར་དུང་
    ཕྱུར་4000ལྷག་ཉུང་དུ་གཏོང་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཁྲལ་དོན་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་པོ་ཆིའུ་ཞའོ་ཞུང་གིས་ཚེས་17ཉིན་རང་རྒྱལ་གྱི་གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཀྱི་བྱ་ཐབས་ནི་དངོས་ཚན་དཔལ་འབྱོར་གྱི་དཔྱ་ཁྲལ་ཡོངས་ཁྱབ་ངང་ཡང་དུ་བཏང་ནས་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་ཞིབ་འཇུག་གསར་སྤེལ་ཞབས་ཞུའི་ལས་རིགས་ལ་ཕྱོགས་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཚོང་གཉེར་གྱི་ཁོར་ཡུག་བཟང་སྒྲིག་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་ཚོད་རྩིས་བྱས་ན་རྒྱལ་ཡོངས་སུ་ལོ་ཧྲིལ་པོར་དཔྱ་ཁྲལ་སྒོར་དུང་ཕྱུར་4000ལྷག་ཉུང་དུ་གཏོང་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད་ཅེས་བརྗོད།
         རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི“རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཨང་27པའི”བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པའི་ངོས་ནས་ཀྲུང་གོ་ཁྲལ་དོན་རིག་གཞུང་ལྷན་ཚོགས་ཀྱིས་ཚེས་17ཉིན་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི“ཕྱིར་དྲན་དང་རྒྱང་ལྟ”ཞེས་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་དཔལ་འབྱོར་དེ་མྱུར་དུ་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་བསྒྱུར་ཡོད། འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང་རང་རྒྱལ་གྱིས་གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་ཚད་17%དང་། 11% 6%བཅས་རིམ་པ་གསུམ་གྱི་རྨང་གཞིའི་ཐོག་ཁྲལ་འཇལ་ཚད་16%དང་། 10% 6%བཅས་བར་དམའ་རུ་གཏོང་རྒྱུ་དང་ཆབས་ཅིག་གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་མཇལ་བའི་ཚད་གཞི་གཅིག་གྱུར་བཟོས་ཏེ་སྒྲིག་ཆས་བཟོ་བ་སོགས་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་ཞིབ་འཇུག་གསར་སྤེལ་སོགས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཆ་རྐྱེན་དང་འཚམ་པའི་ཁེ་ལས་དང་གློག་དྲའི་ཁེ་ལས་ཀྱིས་དུས་ཚོད་ངེས་ཅན་ནང་ཚབ་འཕྲི་བྱས་མེད་པའི་ཡོང་སྒོའི་ཁྲལ་འབབ་ཡིན་རིགས་ཐེངས་གཅིག་ལ་ཕྱིར་སྤྲོད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།