འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་རེས་སྐོར་གསར་པའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་མངགས་
    གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར། 2018ལོའི་ཟླ་3པ་ནས་བཟུང་། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་དང་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་《རེས་སྐོར་གསར་པའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་མངགས་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཏེ། རེས་སྐོར་གསར་པའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་མངགས་གཏོང་ལས་དོན་ཁྱོན་ཡོངས་ནས་འགོ་ཚུགས་པ་རེད། མིག་སྔར། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པས་ཁྱོན་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་7030མངགས་གཏོང་བྱས་ནས་གྲོང་སྡོད་ལས་དོན་རུ་ཁག་2313བཙུགས་ཏེ་ཡིག་ཚགས་དང་གཱ་བཟོས་ཡོད་པའི་གྲོང་ཚོ་དབུལ་པོ་དང་། ཤིན་ཏུ་དབུལ་བའི་ས་ཁུལ། མི་འབོར་དབུལ་པོ་ཡོད་པའི་སྲིད་འཛིན་གྲོང་ཚོ་བཅས་སུ་བཅའ་སྡོད་བྱས་ནས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ཏན་ཏིག་ངང་སྤེལ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་རེས་སྐོར་གསར་པའི་རུ་མི་མངགས་གཏོང་བྱས་པའི་ལས་དོན་ཁྲོད། མངགས་གཏོང་གི་ཆ་རྐྱེན་ནན་པོར་གཞིགས་ནས་མངགས་རྒྱུ་དང་དགོས་མཁོ་ཟུང་འབྲེལ་དང་། གྲོང་ཚོར་གཞིགས་ནས་རུ་ཁག་འཛུགས་པ། གནད་སྨིན་མངགས་གཏོང་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕུལ་བྱུང་ལས་བྱེད་པ་འཐབ་ས་དང་པོར་མངགས་གཏོང་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ལས་ཁུངས་ཀྱི་ཕུལ་བྱུང་ན་གཞོན་པ་ལས་བྱེད་པ(རྗེས་གྲབས་ལས་བྱེད་པ)དང་། བྱ་གཞག་ཚན་པ་དང་གཞུང་ཁོངས་ཁེ་ལས་ཀྱི་ཕུལ་བྱུང་མི་སྣའི་ཁྲོད་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། སྤྱོད་ཚུལ་ལེགས་པ། ཕྱོགས་བསྡུས་འཇོན་ཐང་ཆེ་བ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ལོ་45མན་གྱི་ཕུལ་བྱུང་ལས་བྱེད་པ་གཙོ་གནད་ཐོག་མངགས་གཏོང་བྱས་པ་རེད།
         གྲོང་སྡོད་བྱེད་རིང་། མངགས་གཏོང་ཚན་པས་བཅའ་སྡོད་བྱ་ཡུལ་རྫོང(གྲོང་ཁྱེར། ཆུས)ཨུད་རྩ་འཛུགས་པུའུ་དང་ལྷན་དུ་དུས་བཀག་བཞིན་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ནས་རྗེས་སྙེག་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཕུལ་བྱུང་ལས་བྱེད་པ་རིམ་པ་དང་ཁག་དབྱེ་ནས་འོས་འདེམས་བསྐོ་སྤྱོད་འོས་འཚམ་བྱེད་པའམ་ཡང་ན་རིམ་པ་བཞིན་བསྐོ་སྤྱོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་ལས་བྱེད་པ་གསོ་སྐྱོང་གཉིས་ཀར་སྐུལ་འདེད་ཐུབ་པ་བྱས་ཡོད། རེས་སྐོར་གསར་པར་མངགས་གཏོང་བྱས་པའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་མིའི་ནང་། གནས་སྤོར་བཀོལ་སྤྱོད་ཀྱི་རྗེས་གྲབས་ལས་བྱེད་པ་2158ཡོད་པས། དབུལ་སྐྱོར་འཐབ་ས་དང་པོར་ཞུན་བརྡར་ཐུབ་པའི་ལས་བྱེད་པ་དང་ལས་བྱེད་པ་གསོ་སྐྱོང་བྱེད་པའི་སྟོན་ཕྱོགས་བཟང་པོ་ཞིག་ཆགས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།