འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་རྩ་འཛུགས་པུས་ལས་བྱེད་པ་283ནུབ་རྒྱུད་ས་ཁུལ་དང་། བཟོ་ལས་ཀྱི་རྟེན་གཞི་རྙིང་པ། 
    གསར་བརྗེའི་ཁུལ་རྙིང་པ་བཅས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པར་འདེམས་གཏོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུས་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་ནས་ལས་བྱེད་པ་283ནུབ་རྒྱུད་ས་ཁུལ་དང་། བཟོ་ལས་ཀྱི་རྟེན་གཞི་རྙིང་པ། གསར་བརྗེའི་ཁུལ་རྙིང་པ་བཅས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པར་འདེམས་གཏོང་བྱས་པ་རེད།
          དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་བཅས་ཀྱིས་འདི་ལོའི་ལོ་འགོར་《དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་ནས་ལས་བྱེད་པ་ནུབ་རྒྱུད་ས་ཁུལ་དང་། བཟོ་ལས་ཀྱི་རྟེན་གཞི་རྙིང་པ། གསར་བརྗེའི་ཁུལ་རྙིང་པ་བཅས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པར་འདེམས་གཏོང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》མཉམ་འབྲེལ་ཐོག་པར་འགྲེམས་བྱས་པ་རེད། བརྡ་ཐོ་པར་འགྲེམས་བྱས་རྗེས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་དང་། མི་དམངས་ཚོགས་པ། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་དང་བྱ་སྤྱོད་ཧུར་ཐག་སྤེལ་ནས་འབྲེལ་ཡོད་ཕྱོགས་ཁག་གིས་འགག་སྒོར་དམ་འཛིན་ནན་པོ་བྱས་པ་བརྒྱུད་མི་283ནུབ་རྒྱུད་ས་ཁུལ་དང་། བཟོ་ལས་ཀྱི་རྟེན་གཞི་རྙིང་པ། གསར་བརྗེའི་ཁུལ་རྙིང་པ་བཅས་ཀྱི་གནས་སྦྱར་ལས་བྱེད་པའི་འོས་མིར་གཏན་འཁེལ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གནས་སྦྱར་ལས་བྱེད་པར་འདེམས་གཏོང་བྱས་པ་དེ་དག་གིས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུར་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་ལས་དོན་ལ་བརྟེན་ནས་མི་སྣ་གདམ་གསེས་དང་མི་དོན་འཚམ་མཐུན་ཡོང་བར་བྱས་ནས་ཚན་རིག་དང་མཐུན་པའི་གནད་སྨིན་བྱ་རྒྱུར་གཞི་ཚུགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་འཁུར་ཐུབ་མིན་དེ་ལས་བྱེད་པ་འདེམས་གཏོང་བྱེད་པའི་ཚད་གཞི་གལ་ཆེན་ལ་བརྩི་བ་དང་། འདེམས་གཏོང་བྱས་པའི་ཆབ་སྲིད་ཀྱི་བྱང་ཚད་ལེགས་པ་དང་ལོ་ན་གཞོན་ཞིང་འཇོན་ཐང་ཆེ་བའི་ལས་བྱེད་པ་དེ་དག་ནི་ཚན་པ་ཁག་གི་ལས་སྒོའི་རྐང་འཛིན་པ་ཡིན་པ་རེད། ལས་གནས་བཀོད་སྒྲིག་ཐད་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་དགོས་མཁོར་དམ་པོར་དམིགས་པ་དང་། ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཆ་སྒྲིག་འབྲེལ་བར་གཞིགས་ནས་མང་ཆེ་བ་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ལ་ཁྱབ་པའི་གྲོང་ཁྱེར་དང་། ས་ཁུལ། ཀྲོའུ། མོང་བཅས་ལ་གནས་སྦྱར་བྱེད་པར་བཏང་ནས་གྲོང་ཁྱེར་རིམ་པར་ནུབ་རྒྱུད་ས་ཁུལ་དང་། བཟོ་ལས་ཀྱི་རྟེན་གཞི་རྙིང་པ། གསར་བརྗེའི་ཁུལ་རྙིང་པ་བཅས་ཀྱི་གནས་སྦྱར་ལས་བྱེད་པ་ཡོད་པ་དང་། རྫོང་དབུལ་པོར་ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་གནས་སྦྱར་ལས་བྱེད་པ་ཡོད་པ་དང་། གྲོང་ཚོ་དབུལ་པོ་འགའ་ཞིག་ལ་གྲོང་སྡོད་ཀྲུང་དབྱང་ཚན་པའི་ཧྲུའུ་ཅི་དང་པོ་ཡོད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་གཞི་རྩའི་ཆ་ནས་ཆགས་ཡོད་པ་རེད།
          ཟླ་4ཚེས་16ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་གནས་སྦྱར་ལས་བྱེད་པའི་གསོ་སྦྱོང་སྐུལ་སློང་ཚོགས་འདུ་འཚོགས་ནས་གནས་སྦྱར་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་བརྩེ་སེམས་འཆང་བ་དང་འགན་འཁྲི་འཁུར་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོར་དངོས་འཛིན་དངོས་སྒྲུབ་བྱེད་པ་དང་། རང་ངོས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྟོབས་གསར་དམག་དཔུང་ཞིག་ལ་དངོས་འབྲེལ་འགྱུར་བར་བྱས་ཏེ་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།