འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།"མཛེས་སྡུག་ལྡན་པའི་བོད་ལྗོངས"ཞེས་པའི་འགྲེམས་སྟོན་མོ་ཞི་ཁོར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མངོན་མིན་རིག་གནས་ཤུལ་བཞག་དང་། རིག་གནས་གསར་གཏོད། རྒྱན་གོས། པར་རིས་བཅས་ཀྱི“མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་འགྲེམས་སྟོན་ཚེས་15ཉིན་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་དུ་འགོ་ཚུགས་པ་དང་བོད་ནས་འཁྱེར་ཡོང་བའི་རིག་གནས་འགྲེམས་རྫས་མོ་ཞི་ཁོའི་དམངས་ཚོགས་ལ་སྟོན་པ་རེད།
         འགྲེམས་སྟོན་ཉིན་མོར་མོ་ཞི་ཁོའི་རྒྱལ་བཙུགས་འཛམ་གླིང་སྣེ་མང་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་མཛད་སྒོ་འཚོགས་པ་དང་། “ཀྲུང་གོའི་བོད་ལྗོངས་བཀྲ་ཤིས་བདེ་ལེགས”ཞེས་པའི་རིག་གནས་གཟའ་འཁོར་བྱེད་སྒོའི་གྲས་ཤིག་ཡིན་པའི་འགྲེམས་སྟོན་ཐོག་བོད་ཀྱི་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་དང་། རིག་གནས་གསར་གཏོད་ཀྱི་ཐོན་རྫས། མི་རིགས་ཀྱི་རྒྱན་གོས་སོགས་གཅིག་སྡུད་ཐོག་མངོན་པར་བྱས་པའི་ནང་མཚོ་བོད་ས་མཐོའི་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་དང་བོད་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་མཚོན་པའི་པར་རིས་ཡོད་ལ་བོད་ཡིག་གི་ཡིག་གཟུགས་བརྩམས་ཆོས་རྩེར་སོན་སོགས་ཀྱང་ཡོད། གཞན་ཡང་ད་ཐེངས་ཀྱི་རིག་གནས་གཟའ་འཁོར་རིང་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་དང་། བོད་ཀྱི་ཐང་ག་དང་གླུ་གར་གྱི་འཆད་ཁྲིད་སོགས་ཀྱི་རིམ་སྤེལ་བྱེད་སྒོའང་ཡོད།
         བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་སྟག་ལྷ་ཚེ་བརྟན་གྱིས་མོ་ཞི་ཁོའི་རིག་གནས་དང་བོད་ཀྱི་རིག་གནས་ལ་ཐུན་མོང་གི་ཆ་མང་པོ་ཡོད་ལ་ས་གནས་གཉིས་པོའི་སྒྱུ་རྩལ་གྱི་ལོ་རྒྱུས་རིང་ལ་དར་རྒྱས་ཆེ་བར་བརྟེན་དམངས་ཚོགས་ཚང་མ་སྒྱུ་རྩལ་ལ་དགའ་པོ་ཡོད། ས་གནས་གཉིས་ཀ་ས་མཐོར་གནས་པ་དང་ཞབས་བྲོ་དང་རོལ་དབྱངས་སོགས་ཀྱི་སྒྱུ་རྩལ་གྱི་རྣམ་པས་མི་རྣམས་ལ་ཁོང་ཡངས་ཀྱི་སྤྲོ་སྣང་ཞིག་སྦྱིན་གྱི་ཡོད་ཅེས་བརྗོད།
         མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆིའུ་ཞའོ་ཆིས་བོད་ཀྱི་རང་བྱུང་ཡུལ་ལྗོངས་ཡིད་དུ་འོང་བ་དང་རིག་རྩལ་གྱི་རྣམ་པ་མང་བའི་ཁར་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཡུན་རིང་ལྡན་ཡོད། མོ་ཞི་ཁོའི་དམངས་ཚོགས་ཀྱིས་རིག་གནས་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་ནས་བོད་ལ་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ་མིག་མཐོང་ལག་ཟིན་ཐུབ་རྒྱུ་རེད། མོ་ཞི་ཁོའི་དམངས་ཚོགས་ལ་གོ་སྐབས་བྱུང་ཚེ་བོད་དུ་འཛམ་གླིང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཉམས་སུ་མྱོང་བར་ཕེབས་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།
         ད་ཐེངས་ཀྱི་འགྲེམས་སྟོན་ནི་མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་མོ་ཞི་ཁོ་ཀྲུང་གོའི་རིག་གནས་ལྟེ་གནས་སོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། མོ་ཞི་ཁོ་གྲོང་གི་རྒྱལ་སྤྱིའི་མཛའ་གྲོགས་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཅུ་པའི་བྱེད་སྒོའི་གྲས་ཤིག་ཡིན་པའི་ངོས་ནས“མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་འགྲེམས་སྟོན་དེ་ཟླ་6ཚེས་25ཉིན་བར་གཉེར་རྒྱུ་ཡིན་པ་དང་། སྐབས་འདིའི་རྒྱལ་སྤྱིའི་མཛའ་གྲོགས་རིག་གནས་དངོས་མང་སྟོན་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་རིག་གནས་ཀྱི་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།