འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བཟོ་པར་འདས་མཆོད་བྱེད། མིང་མེད་འདས་པོར་རྗེས་དྲན་ཞུ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཐའོ་དང་ཧན་པིན་གྱིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ད་ལོ་ནི་འཛམ་གླིང་དམག་ཆེན་དང་པོ་མཚམས་བཞག་ནས་ལོ་100འཁོར་བའི་ལོ་ཞིག་ཡིན། ཟླ་4ཚེས་8ཉིན་ཀྲུང་གོ་དང་། ཧྥ་རན་སེ། དབྱིན་ཇི་སོགས་རྒྱལ་ཁབ་མང་པོ་ནས་ཡོང་བའི་ཕྱོགས་ཁག་གི་མི་སྣ་ཡོ་རོབ་ཀྱི་དམག་ཆེན་དང་པོའི་ཀྲུང་གོའི་བཟོ་པའི་བང་སོ་ཁང་ཆེ་ཤོས་ཏེ་ཧྥ་རན་སེའི་བྱང་རྒྱུད་ཀྱི་ནུའོ་ལའེ་ཐེ་ཀྲུང་གོའི་བཟོ་པའི་བང་སོ་ཁང་དུ་འཛོམས་ནས་འདས་མཆོད་བྱེད་སྒོ་གཉེར་བ་རེད། དེ་གར་བདེ་བར་གཟིམ་ཡོད་པའི་ཀྲུང་གོའི་བཟོ་པ་ཁག་གཅིག་ལ་ཨང་རྟགས་ཙམ་ལས་ཐ་ན་མིང་ཡང་བརྐོས་མེད་པ་རེད། ཡིན་ཡང་འདས་པོའི་མིང་ཐོ་མི་གསལ་ཡང་དྲན་གསོ་ཞུ་བར་འོས།
         ཧྥ་རན་སེའི་བྱང་རྒྱུད་ཀྱི་སུའོ་མུའུ་ཞིང་ཆེན་པིན་ཧའེ་ནུའོ་ཝ་ཡེ་ལེ་གྲོང་ཁྱེར་དུ་གནས་པའི་ནུའོ་ལའེ་ཐེ་ཀྲུང་གོའི་བཟོ་པའི་བང་སོ་ཁང་ནི་ཡོ་རོབ་ཀྱི་ཀྲུང་གོའི་བཟོ་པའི་བང་སོ་ཁང་ཆེ་ཤོས་ཡིན་པ་དང་། འཛམ་གླིང་དམག་ཆེན་དང་པོའི་རིང་སྐུ་གཤེགས་པའི་ཀྲུང་གོའི་བཟོ་པ་ཁྱོན་884དེ་གར་བདེ་བར་གཟིམ་ཡོད་པ་རེད།
         འབྲེལ་ཡོད་ཀྱི་དཔྱད་ཡིག་ལས་མངོན་པ་ལྟར་ན། འཛམ་གླིང་དམག་ཆེན་དང་པོའི་རིང་། དབྱིན་ཇི་དང་ཧྥ་རན་སེས་ཀྲུང་གོ་བ་ཁྲི་14ལྷག་ཡོ་རོབ་ཀྱི་གཡུལ་སར་བསྐོངས་བས་ཁོང་ཚོ་ནི་རྗེས་རབས་པ་ཚོས་བརྗོད་པའི“དམག་ཆེན་དང་པོའི་ཀྲུང་གོའི་བཟོ་པ”ཡིན། ཁོ་ཚོས་གཙོ་བོ་ལམ་དང་། གཡུལ་སའི་ལས་ཀ འཕྲུལ་ཆས་ཉམས་གསོ། དངོས་ཟོག་སྐྱེལ་འདྲེན། ཐ་ན་ས་འོག་འབར་མདེལ་གཙང་སེལ་སོགས་ཀྱི་དཀའ་སྡུག་ཆེ་བའི་ལས་ཀ་སྒྲུབ་ཀྱི་ཡོད་པ་རེད།
         “ཀྲུང་གོའི་ངལ་རྩོལ་བཟོ་པས་དམག་འཁྲུག་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ནང་ལེགས་སྐྱེས་གལ་ཆེན་ཕུལ་བ་མ་ཟད། དམག་ཆེན་དང་པོ་མཚམས་བཞག་རྗེས་ཀྱང་ཧྥ་རན་སེའི་སྤྱི་ཚོགས་ནང་མཉམ་འདྲེས་ཡག་པོ་བྱས་པ་དང་འབྲེལ་ཧྥ་རན་སེའི་དཔལ་འབྱོར་དང་སྤྱི་ཚོགས་བསྐྱར་སྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད”ཅེས་འདས་མཆོད་བྱེད་སྒོར་ཞུགས་པའི་ཧྥ་རན་སེའི་སུའོ་མུའུ་ཞིང་ཆེན་གྱི་འགན་འཁུར་བ་པོ་ནུའོ་ཝ·ལེ་མའེ་འར་གྱིས་དེ་ལྟར་བཤད།
         འོན་ཀྱང་འཛམ་གླིང་དམག་ཆེན་དང་པོ་མཚམས་བཞག་ནས་ལོ་བརྒྱ་ཙམ་གྱི་རིང་། ཀྲུང་གོའི་བཟོ་པས་ཕུལ་བའི་ལེགས་སྐྱེས་ལ་ཐོབ་འོས་པའི་བརྩི་འཇོག་དང་ཁས་ལེན་ཐོབ་མེད་པར་ཁོ་ཚོའི་བློས་གཏོང་དང་ཐོབ་ཐང་ལ་སྣང་མེད་དང་རྐང་བཙུགས་ནས་གསང་ཐབས་བྱས་པ་རེད།
         ཉེ་བའི་ལོའི་ནང་། ཕྱོགས་མང་པོས་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་བཟོ་པ་རྣམས་གཞི་ནས་ནུབ་ཕྱོགས་གཙོ་རྒྱུན་སྤྱི་ཚོགས་ཀྱི་སེམས་སུ་དྲན། ད་ལོའི་ཟླ་3ཚེས་25ཉིན་ཧྥ་རན་སེའི་བྱང་རྒྱུད་ཀྱི་གྲོང་ཁྱེར་ཨའེ་ལིན་གྱིས་ཀྲུང་གོའི་བཟོ་པ་4ལ་དྲན་གསོའི་རྡོ་རིང་བསླངས་ཤིང་། ཀྲུང་གོའི་བཟོ་པ་བཞི་པོ་དེ་དག་ཨའེ་ལིན་གྲོང་ཁྱེར་གྱི་ཐན་ཁེ་ཉམས་གསོ་ཁང་དུ་དབྱིན་དམག་ལ་ཐན་ཁེ་ཉམས་གསོ་བྱེད་ཀྱི་ཡོད་པ་དང་མཚན་མོར་ལས་དུས་འཕར་མ་བྱེད་སྐབས་གནམ་གྲུས་འབར་མདེལ་དབྱུགས་ནས་གྲོངས་འདུག 2017ལོར་དབྱིན་ཇིའི་གཙོ་རྒྱུན་སྨྱན་སྦྱོར་གྱིས་གནས་ཚུལ་དེ་དངོས་མཚོན་གློག་བརྙན་བཟོས་ནས་ལོ་རྒྱུས་དེར་ཕྱིར་དྲན་བྱས་ཁར་དམག་ཆེན་དང་པོར་རྒྱལ་ཁ་ལེན་ཆེད་ཀྲུང་གོའི་བཟོ་པས་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་ཁས་ལེན་བྱས་པ་རེད། 2017ལོར་པེར་ཀྲེམ་གྱི་ནུབ་ཧྥོ་ལན་ཏེ་ཞིང་ཆེན་པོ་པོ་ལིན་ཨེ་གྲོང་ཁྱེར་གྱིས་དམག་ཆེན་དང་པོའི་བཟོ་པར་རྐོ་བརྙན་བསླངས་ཏེ“དམག་ཆེན་དང་པོའི་ནང་གི་ཧ་ལམ་བརྗེད་ལ་ཉེ་བའི་ལོ་རྒྱུས་ལ་དྲན་གསོ་ཞུས་པ་དང་། ཀྲུང་གོའི་བཟོ་པས་དམག་ཆེན་དང་པོའི་ནང་ཕུལ་བའི་ལེགས་སྐྱེས་ལ་དྲན་གསོ་ཞུས་པ”རེད།
         “དམག་ཆེན་དང་པོའི་ནང་ཀྲུང་གོའི་བཟོ་པས་ཁྲག་དྲོན་འདོན་པ་ནམ་ཡང་བརྗེད་མི་རུང”ཞེས་ཧྥ་རན་སེའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ལི་མིན་གྱིས་བཤད།
         འདས་མཆོད་བྱེད་སྒོའི་ཐོག་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའེ་ཅུན་གྱིས“ནུའོ་ལའེ་ཐེའི་ཀྲུང་གོའི་བཟོ་པའི་བང་སོ་ཁང་གི་ཀྲུང་གོའི་བཟོ་པས་སྐྱེ་བོ་རྣམས་ལ་ཤུལ་དུ་བཞག་པ་ནི་མིག་མདུན་གྱི་བང་སོའི་རྡོ་རིང་ངོས་ཀྱི་མིང་ཐོ་རེ་རེ་དང་ཐ་ན་ཨང་རྟགས་ཙམ་ཡིན་ནའང་། དམག་ཆེན་དང་པོ་མཚམས་བཞག་ནས་ལོ་100འཁོར་རྗེས་ཀྱི་དེ་རིང་། ཁོང་ཚོ་ཡིད་ལ་དྲན་པ་དང་ལོ་རྒྱུས་དེ་བསྐྱར་དུ་ངེས་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། ཁོང་ཚོ་ནི་ང་ཚོའི་ཤ་རུས་འདྲེས་པའི་སྤུན་ཟླ་ཡིན་པ་དང་ཁོང་ཚོར་འཕྲད་པའི་རྐྱེན་ངན་གྱིས་ང་ཚོའི་སླད་ཕྱིན་གྱི་ལམ་བུ་གསལ་སྟོན་བྱེད་བཞིན་ཡོད”ཅེས་བརྗོད།
         ཧྥ་རན་སེའི་ཙུང་ཐུང་ལས་ཤག་གཞུང་ལས་ཁང་གིས་འདས་མཆོད་བྱེད་སྒོའི་གཙོ་གཉེར་ཕྱོགས་ལ་སྤྲིངས་པའི་འཕྲིན་ཡིག་ནང་། ཧྥ་རན་སེའི་ཙུང་ཐུང་མ་ཁེ་རོན་གྱིས་ལོ་རྒྱུས་དྲན་ཤེས་ཀྱི་རྒྱུན་འཛིན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། རྒྱུན་འཛིན་དེ་རིགས་ནི་རྒྱལ་ཁབ་ཀྱི་གོང་བུ་འགྲིལ་ཤུགས་རྒྱུན་འཁྱོངས་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཡིན། མ་ཁེ་རོན་གྱིས་སླད་ཕྱིན་མུ་མཐུད་བྱེད་སྒོ་དེ་རིགས་གཉེར་རྒྱུར་བསྔགས་སྐུལ་ཆེན་པོ་བྱེད་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།