འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་ལོའི་ལོ་མཇུག་གོང་དུ་རང་རྒྱལ་གྱི་གྲོང་གསེབ་མཉམ་སྡེབ་རྒྱུ་ནོར་ལ་མཐིལ་རྟོགས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་གི་ངོས་ནས་2019ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་གོང་རང་རྒྱལ་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་ཚང་མར་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུ་རེད།
         2016ལོའི་ལོ་མཇུག་ཏུ་བཏོན་པའི་《གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》ནང་། 2017ལོ་ནས་བཟུང་ལོ་གསུམ་རིང་རྒྱུ་ནོར་ལ་གཙང་བཤེར་བྱ་རྒྱུ་ཡིན་པ་བཏོན་ཡོད། འདི་ལོའི་ཀྲུང་དབྱང་ཡིག་ཨང་དང་པོའི་ནང་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་བཤེར་དང་མཉམ་སྡེབ་ཁོངས་མིའི་ཐོབ་ཐང་གཏན་འཁེལ་བྱས་ཏེ་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།
         ཞིང་ལས་གྲོང་གསེབ་པུའུ་ཡིས“གོམ་སྟབས་གསུམ་སྐྱོད་པའི”ལས་ཀའི་ཇུས་གཞི་བཟོས་པ་སྟེ། འདི་ལོའི་ཟླ་བཞི་པའི་ཟླ་མཇུག་གོང་དུ་གྲ་སྒྲིག་ལས་དོན་བསྒྲུབས་ནས་གཙོ་བོ་ལས་ཀའི་ཞིབ་སྲོལ་སོགས་ལེ་ལག་ཡིག་ཆ་དང་གསོ་སྦྱོང་གི་ལས་དོན་སྤེལ་རྒྱུ་དང་། 2019ལོའི་ཟླ་དྲུག་པའི་ཟླ་མཇུག་གོང་དུ་ལག་བསྟར་ལས་དོན་བསྒྲུབས་ནས་གཙོ་བོ་ཕྱོགས་ཡོངས་ནས་རྒྱུ་ནོར་གཙང་བཤེར་དང་། ཐོ་འགོད་རེའུ་མིག་འབྲི་བ། རིམ་གྱིས་ཞིབ་དཔྱད་གོང་ཞུ་བཅས་ཀྱི་ལས་དོན་སྤེལ་རྒྱུ། 2019ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་གོང་དུ་ཕྱོགས་སྡོམ་ལས་དོན་བསྒྲུབས་ནས་གཙོ་བོ་ལྟ་སྐུལ་ཞིབ་བཤེར་དང་གྲུབ་འབྲས་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་སྤེལ་རྒྱུ་བཅས་རེད།
         ཞིང་ལས་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་གཙང་བཤེར་ཐད་གཙོ་བོ་ལག་ཡོད་དངོས་ཟོག་དང་རྩིས་པའི་ཐོ་འགོད་རེ་རེ་བཞིན་བསྡུར་ནས་རྩིས་ཐོ་དང་མཐུན་མིན་ལ་ལྟ་རྒྱུ་དང་། གཉེར་སྐྱོང་རང་བཞིན་མིན་པའི་རྒྱུ་ནོར་གཙང་བཤེར་གྱི་གཙོ་གནད་ཁོངས་གཏོགས་ཁ་གསལ་བཟོས་ཏེ་སྲིད་གཞུང་གི་གཏོང་སྒོ་ལས་གྲུབ་པའི་རྒྱུ་ནོར་གྱི་བདག་དབང་གཏན་འཁེལ་གྱིས་མཉམ་སྡེབ་ལ་སྤྲད་ནས་སྤྱི་ཕན་རང་བཞིན་གྱི་ནུས་པ་འདོན་སྤེལ་འགན་ལེན་བྱ་རྒྱུ། ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་ཞིབ་བཤེར་གྱི་གཙོ་གནད་གྲངས་གཞི་འབྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་ཅིང་། ཐོབ་པའི་གྲུབ་འབྲས་གང་ལེགས་སྤྱད་དེ་བསྐྱར་ཟློས་ངལ་རྩོལ་ཉུང་དུ་གཏོང་བ་དང་འགོག་རྒྱུ་བཅས་རེད།
         མིག་སྔར་རྒྱལ་ཡོངས་སུ་དབང་ཆ་གཏན་འཁེལ་གྱི་འགན་གཙང་ས་ཞིང་མུའུ་དུང་ཕྱུར་11.5ཟིན་པ་དེས་རེས་སྐོར་གཉིས་པའི་འགན་གཙང་ས་ཞིང་རྒྱ་ཁྱོན་གྱི་80%ཡན་བཟུང་ཡོད། དབང་ཆ་གཏན་འཁེལ་ཟིན་པའི་མཉམ་སྡེབ་ནགས་ས་མུའུ་དུང་ཕྱུར་27.1ཟིན་པ་དེས་ནགས་དབང་སྒྱུར་བཅོས་རྒྱ་ཁྱོན་གྱི་99%བཟུང་བ་དང་། མཉམ་སྡེབ་ས་ཞིང་དབང་བའི་ལམ་ལུགས་གཏན་འཁེལ་ཟིན་པའི་ཐོ་འགོད་ལག་ཁྱེར་ཁྲི་806.4སྤྲད་པ་དང་ཐོ་བཀོད་བྱེད་ཚད་96%ཟིན་ཡོད།
        འགན་འཁུར་བ་དེས་རྒྱུ་ནོར་གཙང་བཤེར་ལ་སྲིད་ཇུས་རང་བཞིན་ཆེ་བ་དང་ལག་རྩལ་གྱི་བླང་བྱ་མཐོ་བས་ཞིབ་ཕྲ་དང་ངང་རྒྱུད་རིང་པོས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་དགོས་ལ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མཛུབ་ཁྲིད་བྱེད་དགོས་པ་མ་ཟད། རྒྱ་ཁྱབ་ངང་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་དགོས། ལས་དོན་དེ་སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་ལ་མཐུན་སྦྱོར་ལས་འགན་ལྕི་བར་བརྟེན་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་འགན་ལེན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཤད།
         གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་རིགས་གསུམ་ལ་ཕྱེ་བ་སྟེ། གཉེར་སྐྱོང་ལ་སྤྱོད་པའི་ཁང་པ་དང་། ཨར་སྐྲུན་དངོས་པོ། འཕྲུལ་ཆས་སྒྲིག་ཆས། ལག་ཆ་འཕྲུལ་ཆས། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད། མཉམ་དུ་མ་དངུལ་བཏང་ནས་གཉེར་བའི་ཁེ་ལས་དང་དེར་དབང་བའི་དེ་མིན་དཔལ་འབྱོར་རྩ་འཛུགས་ཀྱི་རྒྱུ་ནོར་གྲངས་འབོར་དང་གཟུགས་མེད་རྒྱུ་ནོར་སོགས་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་དང་། སྤྱི་པའི་ཞབས་ཞུའི་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་གཉེར་སྐྱོང་རང་བཞིན་མིན་པའི་རྒྱུ་ནོར། ཞིང་པའི་མཉམ་སྡེབ་ལ་དབང་བའི་ས་ཞིང་དང་། ནགས་ཚལ། རི་བོ། རྩྭ་ཐང་། གྲམ་ཐང་སོགས་ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།