འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་ས་མཐོའི་གྲོང་གསེབ་ཀྱི་དབུལ་སྒྲོལ་ལམ་བུ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་རི་མཐོ་ལ་གྲོག་རོང་དུ་གནས་པའི་མཚོ་སྔོན་གྱི་བོད་རིགས་ས་ཁུལ་དུ“མཁའ་ལམ”མང་པོ་ཞིག་ཤར་གཏོང་ཐུབ་ནས་ཡུལ་དེ་གའི་མང་ཚོགས་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་མྱུར་ཚད་མགྱོགས་སུ་ཕྱིན་ཡོད།
          ལོ་47ལ་སླེབས་པའི་འབྲོག་པ་དབུལ་པོ་མགོན་བཀྲ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་དྭངས་ལག་ཤང་ཁྲ་ཚོགས་གོང་མ་གྲོང་ཚོ་ནས་ཡིན་ཞིང་། ཁོང་གི་ཕ་ཡུལ་ཐག་རིང་ལུང་ཁུག་ཡིན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བས་སྐབས་ཤིག་རིང་ཡུལ་དེ་གའི་མིས“ས་བཀྲའི་ཐོག་མི་རྙེད་པ་དང་། ཚགས་པར་ཐོག་མི་མཐོང་བ། ཕྱི་མིས་མི་ཤེས་པ”ཞེས་བརྗོད་ཀྱི་ཡོད།
         དྭངས་ལག་ཤང་གི་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པ་དང་གྲང་ངར་ཆེ་ལ་སྐམ་ཤས་ཆེ་བ། རང་བྱུང་ཆ་རྐྱེན་ཞན་པར་བརྟེན་འདི་གའི་འབྲི་གཡག་འཚར་འགོར་བ་དང་མ་མཐར་ཡང་ལོ་ལྔར་སླེབས་སྐབས་གཞི་ནས་བཤས་གཏོང་ཐུབ། དུས་ཡུན་རིང་པོའི་རིང་། མགོན་བཀྲའི་ཁྱིམ་གྱི་འཚོ་བའི་འཁོས་ཀའང་ཧ་ཅང་ཞན་པ་དང་སྐྱས་སྤོས་འབྲོག་ལས་ནི་ཡོང་འབབ་ཡོང་ཁུངས་འབའ་ཞིག་ཡིན་པ་རེད།
         མགོན་བཀྲས་ཉེ་བའི་ལོ་འདི་དག་རིང་སྣུམ་ནག་ལམ་བུ་ཤང་གྲོང་བར་བཏིང་བ་དང་2016ལོར་ཨར་འདམ་ལམ་གྲོང་ཚོ་བར་བཏིང་ཡོད། དེ་ནས་བཟུང་གྲོང་མིའི་འཚོ་བར་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་སོང་ཞེས་གསར་འགོད་པར་བཤད་བྱུང་།
         དེ་སྔ་ཐག་རིང་ཤོས་ཀྱི་དབྱར་དུས་འབྲོག་ར་ནས་ཤང་བར་རྟ་བཞོན་ཚེ་ཆུ་ཚོད་2ཙམ་འགོར་བ་དང་། ཤང་ནས་རྫོང་གྲོང་བར་དུ་ད་དུང་ཉིན་ཕྱེད་ཙམ་འགྲོ་དགོས་ཀྱི་ཡོད། ལམ་བུ་ཤར་གཏོང་ཐུབ་རྗེས་ཁྲ་ཚོགས་གོང་མ་གྲོང་ཚོ་ནས་རྨ་ཆེན་རྫོང་བར་ཆུ་ཚོད་3ལས་འགོར་གྱི་མེད། འབྲོག་དལ་སྐབས་མགོན་བཀྲ་རྫོང་གྲོང་གི་འཛུགས་སྐྲུན་ལས་ཡུལ་དུ་ལས་མིར་ཡང་སེ་བསྐྱོད་ཐུབ་པ་དང་ཉིན་ལྟར་ཉུང་མཐར་ཡང་གླ་ཆ་སྒོར་100རག་གི་ཡོད།
         “ད་ཆ་ཕྱོགས་ལ་ཐོན་སྐབས་འཛེམ་དོགས་བྱེད་དགོས་མེད། ཁྱིམ་དུ་ལས་ཀ་ཡོད་ནའང་དུས་ཐོག་ཏུ་ལོག་ཐུབ་ཀྱི་འདུག”སྒོ་ཕྱུགས་མེད་པའམ་ཡང་ན་ཉུང་བའི་གྲོང་མི་ཁག་གཅིག་གིས་རྫོང་གྲོང་དུ་ཁང་པ་གླས་ཏེ་བདེ་སྲུང་དང་། གཙང་སྦྲ་བ། ཚོང་གཉེར་བ་སོགས་ལས་ཟླ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2000ལྷག་ཡོང་གི་ཡོད་ཅེས་མགོན་བཀྲས་གསར་འགོད་པར་བཤད།
         ཁྲ་ཚོགས་གོང་མ་གྲོང་ཚོའི་པད་བྷོས་ཕ་ཡུལ་གྱི་ལམ་བུ་ཤར་གཏོང་ཐུབ་པ་ལས་བྱུང་བའི་འགྱུར་ལྡོག་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། 2016ལོ་ནས་བཟུང་། དྭངས་ལག་ཤང་དུ་ཡོང་བའི་ཕྱོགས་མི་ཇེ་མང་དུ་སོང་བ་དང་སྦྲགས། པད་བྷོས་གོ་སྐབས་དམ་འཛིན་གྱིས་དབུལ་སྐྱོར་དངུལ་བུན་གཡར་ཏེ་ཤང་སྲིད་གཞུང་གི་འགྲམ་དུ་དམངས་ཕན་སྒོ་རྩིས་ཚོང་ཁང་ཞིག་གཉེར་བ་དང་ལོ་དེ་རང་ལ་ཁེ་འབབ་སྒོར་ཁྲི་2ཙམ་བྱུང་ཡོད། འདི་ལོ་ཁེ་བཟང་ཡག་པོ་བྱུང་བའི་པད་བྷོས་ད་དུང་སྲང་འགྲམ་དུ་གནས་པའི་རང་ཉིད་ཀྱི་ཁང་པར་མཛེས་བཟོ་རྒྱས་པོ་ཞིག་བྱས་ཏེ“བོད་ཁྱིམ་སྤྲོ་སྐྱིད་ཁང”ཞིག་གཉེར་ནས་ཡུལ་སྐོར་བ་ཚོར་སྟབས་བདེའི་ཞག་སྡོད་དང་ཟ་མ་མཁོ་འདོན་བྱ་རྩིས་ཡོད་པ་རེད།
         ལམ་བུ་ཤར་གཏོང་ཐུབ་པར་བརྟེན་དེ་བས་རྒྱ་ཆེ་བའི་ཕྱིའི་འཇིག་རྟེན་ཞིག་རྒྱུས་མངའ་ལོན་པ་དང་། འབྲོག་པ་མང་པོ་ཞིག་གི་ཕྱུག་འགྱུར་བསམ་བློ་རིམ་བཞིན་ཡངས་སུ་ཕྱིན། དྭངས་ལག་ཤང་ཁྲ་ཆེན་གོང་མ་གྲོང་ཚོའི་འབྲོག་མོ་ལྷ་ལུང་གིས་འདི་ལོའི་དབྱར་ཁའི་ཡུལ་སྐོར་བ་མང་དུས་སུ་ཁོ་མོས་ལམ་འགྲམ་དུ་ཤ་མོ་དང་གྲོ་མ་སོགས་ཡུལ་ཟོག་བཙོངས་པར་ཉིན་ལྟར་ཡོང་འབབ་མང་ཤོས་ལ་སྒོར་300རག་གི་འདུག་ཅེས་གསར་འགོད་པར་བཤད། སྐུ་མགྲོན་ཁ་ཤས་དང་ཁ་བརྡ་གློད་སྐབས་ལྷ་ལུང་གིས་མགོ་ལོག་ཀྲོའུ་མཛོ་རྒན་སྣ་ནས་ལམ་བར་དུ་དྭངས་ལག་ཤང་བརྒྱུད་རྨ་ཆེན་རྫོང་བར་འགྲོ་བའི་ལམ་ཐག་ཅུང་རིང་བ་མ་ཟད། མི་མཐོང་དཀོན་པ་ཤེས། དེས་ན་ཁོ་མོས་གྲོང་ཚོ་གཅིག་པའི་འབྲོག་པ་དང་མཉམ་དུ་དངུལ་བུན་གཡར་ནས་སྒེར་གྱི་སྣུམ་སྣོན་ས་ཚིགས་ཤིག་བསྐྲུན་ཏེ་འགྲོ་འོང་བྱེད་མཁན་ཁ་ལོ་བར་སྟབས་བདེ་བསྐྲུན་རྒྱུ་མ་ཟད་གང་མགྱོགས་དབུལ་སྒྲོལ་ཐུབ་པ་བྱ་རྩིས་ཡོད་པ་རེད།
         དྭངས་ལག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཚེ་བརྟན་གྱིས་ཉེ་བའི་ལོ་གཉིས་རིང་ཤང་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་གཞན་སྒྱུར་དང་ལས་གཏོད་ཕྱུག་འགྱུར་གྱི་བསམ་པ་ཤུགས་ཆེ་རུ་ཕྱིན་ཞིང་། 2016ལོར་ཤང་དེའི་འབྲོག་དུད་66བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་དང་ན་ནིང་སླར་ཡང་མི་83དབུལ་སྒྲོལ་ཐུབ་ཡོད། འདི་ལོ་ནས་བཟུང་མང་པོ་དེ་ཙམ་ལྷག་མེད་པའི་དུད་ཚང་དབུལ་པོའང་རིམ་བཞིན་དབུལ་པོ་ལས་སྒྲོལ་རྒྱུ་རེད་ཅེས་བརྗོད།
         “ད་ཆ་འགྲིམ་འགྲུལ་དང་ཟོག་འགྲེམས་བྱེད་བདེ་རུ་ཕྱིན་པ་དང་དེ་སྔ་དབུལ་སྐྱོར་ཐོན་ལས་སྐུལ་འདེད་ཧ་ཅང་གཏོང་དཀའ་བ་ཁག་གཅིག་ཀྱང་ད་ཆ་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འཛོམས་ཡོད། ས་གནས་དེ་གའི་རང་བྱུང་ས་ཁམས་ཀྱི་ཁོར་ཡུག་དང་ཟུང་འབྲེལ་བྱས་ནས་ཕྱུགས་རིགས་ནུས་ཆེའི་གསོ་ཚགས་དང་། གཟན་རྩྭ་འདེབས་འཛུགས། ལུད་ལས་སྣོན་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཞིང་འབྲོག་དབུལ་སྐྱོར་ཐོན་ལས་ཀྱི་མ་ལག་ང་ཚོས་ཧུར་ཐག་ངང་འཛུགས་བཞིན་ཡོད་པས་ལས་ཞུགས་ཐུབ་པ་དང་ཁེ་སྤོགས་མཐོ་རུ་གཏོང་བ་བརྒྱུད་མང་ཚོགས་ཀྱི་གཏན་འཇགས་ཡོང་འབབ་སྔར་བས་འཕར་རྒྱུའི་རེ་བ་ཡོད”ཅེས་བཀྲ་ཤིས་ཚེ་བརྟན་གྱིས་བརྗོད།
         ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས། ཉེ་བའི་ལོ་ཤས་རིང“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་བཅུག་པའི་མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཤང་གྲོང་གཞུང་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་ཤུགས་ཆེན་ཕྱིན་ཡོད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་གསལ། 2016ལོར་ཞིང་ཆེན་དེས་ཐག་རིང་ཞིང་འབྲོག་ཁུལ་དུ་གཞུང་ལམ་སྤྱི་ལེ་7000ཙམ་གསར་སྐྲུན་བྱས་པ་དང་། སྒྲིག་ཚུད་གྲོང་ཚོ་267ལ་ལམ་ཤར་གཏོང་ཐུབ་པ། གྲོང་ཚོ་དབུལ་པོ་408ལ་ཨར་འདམ་གཞུང་ལམ་ཤར་གཏོང་ཐུབ་ཡོད། 2017ལོར་མཚོ་སྔོན་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་6.15ཟིན་པ་དང་། ཤང་དང་གྲོང་རྡལ་དུ་ལམ་ཤར་གཏོང་ཐུབ་ཚད་98%ལས་བརྒལ་བ། སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད་80%ལས་བརྒལ་བ་བཅས་རེད།
         མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཕྱོགས་བསྡུས་འཆར་འགོད་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཝང་ཞའོ་ལིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལ་ཞིང་ཆེན་དེའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་2000ལས་བརྒལ་རེ་ཡོད། 2020ལོར་སླེབས་སྐབས་མཚོ་སྔོན་གྱི་ཤང་དང་གྲོང་རྡལ་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་རྒྱུ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ནས་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་ཁྲི་1མང་དུ་འགྲོ་རེ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།