འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་
    གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་
    ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་འབོད་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན།  ཟླ་3ཚེས་23ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་37པའི་ཐོག་ཀྲུང་གོས་བཏོན་པའི“འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་མཉམ་ལས་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་དགོས་པའི”གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། གྲོས་ཆོད་ནང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་འབོད་སྐུལ་བྱས་པ་དང་། རྒྱལ་ཁབ་ཁག་གིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་ལས་གཉིས་ཕན་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་རེ་ནེ་ཝའི་དོན་གཅོད་ཁྲུའུ་དང་སུར་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་སྐུ་ཚབ་གཞུང་ཚབ་ཆེ་མོ་བ་ཡུས་ཅན་ཧྭ་ཡིས་འགྲོ་བ་མིའི་ཐོབ་ཐང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ང་ཚོ་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་སུ་གནས་ཤིང་། མཉམ་ལས་ནི་དུས་རབས་འདིའི་ངོ་བོ་དང་གཉིས་ཕན་ནི་དུས་རབས་འདིའི་བླང་བྱ་རེད། མི་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་ཐུབ་པའི་རླབས་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་རྒྱལ་ཁབ་ཁག་གིས་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྱབ་ཁོངས་སུ་སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
          གཞུང་ཚབ་ཆེ་མོ་བ་ཡུས་ཅན་ཧྭ་ཡིས་མཉམ་ལས་གཉིས་ཕན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་མའི་བསམ་འདུན་ཞིག་རེད། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》དང་《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་》 《ཝི་ཨེན་ནའི་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་》བཅས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་རབ་དང་རིམ་པའི་ནང་མཉམ་ལས་དང་སྐད་ཆ་ཤོད་རེས་བྱེད་དགོས་པའི་འབོད་སྐུལ་དང་དར་སྤེལ་ཤུགས་ཆེན་བྱས་ཡོད། ང་ཚོ་ཐུན་མོང་ཐོག་སའི་གོ་ལ་གཅིག་ཐོག་གནས་པ་དང་ཐུན་མོང་གི་ཁེ་ཕན་ལྡན་ཡོད་ལ། འགྲན་སློང་ཡང་གཅིག་པ་འཕྲད་ཡོད་པས། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཏུ་གྱུར་ཡོད། འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་བཏང་བ་དེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད། ཀྲུང་གོས་བཏོན་པའི་གྲོས་ཆོད་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་འདུན་པ་དང་མཐུན་པ་དང་དེང་གི་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་ཡོད། དེ་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་ཞིག་རེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཀྲུང་གོས“འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་མཉམ་ལས་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་དགོས་པའི”གྲོས་ཆོད་བཏོན་པ་དང་། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་བསམ་ཕྱོགས་གལ་ཆེན་དུས་གཅིག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་ཐོག་མར་བཅུག་ནས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་མཉམ་ལས་གཉིས་ཕན་ཡོང་བ་དང་། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཏེ་ཀྲུང་གོས་འཛམ་གླིང་ལ་བཅངས་པའི་བརྩེ་སེམས་དང་རྒྱལ་ཁབ་ཆེན་པོའི་འགན་ཁུར་ཕོད་པའི་བསམ་པ་མཚོན་པས། རྒྱལ་ཁབ་ཁག་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་བརྩི་འཇོག་ཐོབ་ཡོད། གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་སྐུ་ཚབ་ཚོགས་པར་རྟེན་འབྲེལ་ཞུས་པ་མ་ཟད། གྲོས་ཆོད་དེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འདུན་པ་གང་ལེགས་མཚོན་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་གྲོས་རིམ་བཀོད་སྒྲིག་བྱེད་དབང་ཆེ་རུ་འགྲོ་བར་ཕན་པ་ཡོད་པས། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།