འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཆུའི་ཉིན་མོར"རང་བྱུང་གི་སྟོབས་ཤུགས་ལ་བརྟེན་ནས"ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་
    བྱ་རྒྱུར་མཐོང་ཆེན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིས་2018ལོའི"འཛམ་གླིང་ཆུའི་ཉིན་མོའི"སྔ་ནུབ་ཏུ་སྙན་ཞུ་སྤེལ་བའི་ནང་། རང་བྱུང་གི་ཐག་གཅོད་ཇུས་གཞིར་བརྟེན་ཚེ་ཆུའི་ཐོན་ཁུངས་མཁོ་སྤྲོད་ལེགས་གཏོང་དང་། ཆུའི་ཐོན་ཁུངས་ཀྱི་སྤུས་ཚད་མཐོར་གཏོང་། རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཉུང་གཏོང་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཐུབ་ཅེས་འཁོད་ཡོད་པ་རེད།
         1993ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ་3ཚེས་22ཉིན་དེ“འཛམ་གླིང་ཆུའི་ཉིན་མོར”གཏན་འཁེལ་བྱས་ནས་སྤྱི་དམངས་ཀྱི་ཆུ་གྲོན་ཆུང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྐུལ་བ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་རེད། འདི་ལོའི་འཛམ་གླིང་ཆུའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“རང་བྱུང་གི་སྟོབས་ཤུགས་ལ་བརྟེན་པ”ཞེས་པར་གཏན་འཁེལ་བྱས་ཤིང་། ཇི་ལྟར་བྱས་ཏེ་རང་བྱུང་གི་ཐག་གཅོད་ཇུས་གཞིར་བརྟེན་ནས་མིའི་རིགས་ལ་དུས་རབས་21པར་འཕྲད་པའི་ཆུའི་ཐོན་ཁུངས་ཀྱི་དོ་དམ་འགྲན་རྩོད་ཞི་ལྷོད་དུ་གཏོང་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
         ཟླ་3ཚེས་19ཉིན་པར་ཙིར་དུ་འཚོགས་པའི་སྐབས་བརྒྱད་པའི་འཛམ་གླིང་ཆུའི་གླེང་སྟེགས་ཐོག་དངོས་སུ་སྤེལ་བའི་2018ལོའི་《འཛམ་གླིང་ཆུའི་ཐོན་ཁུངས་ཀྱི་འཕེལ་རྒྱས་སྙན་ཞུའི་》ནང་བརྗོད་དོན་གཙོ་བོ་དེ་གླེང་ཡོད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སྣེ་འཁྲིད་དེ་བྲིས་པའི་སྙན་ཞུའི་ནང་ཆུ་ནི་རྙོག་འཛིང་ཆེ་བའི་རང་བྱུང་གི་བརྒྱུད་རིམ་ཞིག་ཡིན་པ་ལས་ཁེར་ཚུགས་ཀྱི་གྲུབ་ཆ་ཞིག་མ་ཡིན་པའི་ངོས་འཛིན་བྱས་པ་དང་། བརྒྱུད་རིམ་དེའི་ནང་རླངས་འགྱུར་དང་། དྭངས་གསིང་འབྱེད་པ། ས་རྒྱུའི་ཁྲོད་ཐིམ་པ་སོགས་ཚུད་ཡོད། རྩྭ་ཐང་དང་། འདམ་ར། ནགས་ཚལ་བཅས་ཀྱི་སྔོ་ཁེབས་ཁྱབ་ཁོངས་ཀྱིས་ཆུའི་རྒྱུན་འཁོར་ཧྲིལ་པོར་ཤུགས་རྐྱེན་ཐེབས་པ་མ་ཟད་སྤྱོད་ཆོག་པའི་ཆུའི་ཐོན་ཁུངས་མཁོ་སྤྲོད་བྱེད་ཚད་མང་དུ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུའི་འགག་རྩར་འགྱུར་སྲིད་པ་འཁོད་ཡོད།
         སྙན་ཞུའི་ནང“རང་བྱུང་གི་ཐག་གཅོད་ཇུས་གཞིར་བརྟེན་པ”ཞེས་པ་ནི་རང་བྱུང་གི་བརྒྱུད་རིམ་ལ་ལད་ཟློས་ཀྱིས་ཆུའི་ཐོན་ཁུངས་མཁོ་སྤྲོད་བྱེད་ཚད་མང་དུ་གཏོང་བ་དང་། ཆུའི་ཐོན་ཁུངས་ཀྱི་སྤུས་ཚད་མཐོར་གཏོང་། ཆུའི་ཐོན་ཁུངས་དང་འབྲེལ་བའི་རང་བྱུང་གནོད་འཚེ་ཉུང་གཏོང་བཅས་བྱེད་པ་དང་། ཇུས་གཞི་དེ་མིག་སྔའི་ཆུའི་ཐོན་ཁུངས་དོ་དམ་ལ་འཕྲད་པའི་འགྲན་སློང་ཞི་ལྷོད་དུ་གཏོང་རྒྱུར་གལ་འགངས་ཧ་ཅང་ཆེན་པོ་ཡིན་པ་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་ཐད་མཐུན་སྦྱོར་གྱི་འགག་རྩའི་ནུས་པ་ཐོན་རྒྱུ་རེད་ཅེས་འཁོད་ཡོད།
         “ང་ཚོས་བྱ་ཐབས་གསར་པར་བརྟེན་ནས་ཆུའི་ཐོན་ཁུངས་ལ་དོ་དམ་བྱས་ཏེ་མི་འབོར་མང་དུ་འགྲོ་བ་དང་གནམ་གཤིས་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ཆུའི་བདེ་འཇགས་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་གཅོག་དགོས། གལ་ཏེ་རང་དགར་སྣང་མེད་དུ་བཞག་ན་2050ལོར་སླེབས་སྐབས་མི་དུང་ཕྱུར་50ལྷག་ཙམ་ཆུའི་ཐོན་ཁུངས་དཀོན་པའི་ས་ཁུལ་དུ་འཚོ་བ་སྐྱེལ་རྒྱུ་ལས་མ་འདས། ཆུ་དང་འབྲེལ་བའི་གདོང་ཐུག་མ་ཐོན་པ་བྱ་ཆེད་འདི་ནི་ང་ཚོ་ཚང་མས་འགན་འཁུར་ནས་སྒྲུབ་དགོས་པའི་ལས་འགན་གལ་ཆེན་ཞིག་རེད”ཅེས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨའེ་ཏེ་ལེ·ཨ་ཙུའུ་ལའེ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།