འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོང་གིས"ཏང་ཡོན"ཞེས་པ་ཡིག་འབྲུ་གཉིས་མང་ཚོགས་ཀྱི་སེམས་སུ་བརྐོས་པ། 

    —— བོད་རང་སྐྱོང་ལྗོངས་གྲ་ནང་རྫོང་གི་རྫོང་དཔོན་གཞོན་པ་མུའུ་ཡུས་ཅུན་གྱི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་25ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཁོང་གིས'ཏང་ཡོན'ཞེས་པ་ཡིག་འབྲུ་གཉིས་མང་ཚོགས་ཀྱི་སེམས་སུ་བརྐོས་པ།
         མི་དམངས་དྲ་བའི་འཕྲིན།  “མུའུ་ཡུས་ཅུན་སྐུ་གཤེགས་ཟིན། ཁོང་ལྟ་བུའི་གཉེན་ཉེ་ཡག་པོ་ང་ལ་སླར་ཡང་རྙེད་ཐབས་བྲལ”ཞེས་མུའུ་ཡུས་ཅུན་སྐུ་འཚོ་བཞུགས་སྐབས་ཀྱི“ཆ་སྒྲིག་དུད་ཚང”དགྲ་འདུལ་གྱིས་མིག་ཆུ་གཏོང་གིན་འདི་ལྟར་ཡང་ནས་ཡང་དུ་བཤད། མྱ་ངན་ཞུ་བའི་ཚོགས་ཆེན་གྱི་ཚོགས་རར་མྱ་ངན་ཞུ་བར་ཡོང་མཁན་གྱིས་ཁེངས་པ་དང་ཚང་མས་སེམས་སྡུག་གི་རྣམ་འགྱུར་སྟོན་ཞིང་མགྲིན་པ་བརྣངས་ནས་ངོ་གདོང་མཆི་མས་བརླན། གོང་གི་པར་རིས་ནི་མུའུ་ཡུས་ཅུན(གཡས)གྱིས་ཆ་སྒྲིག་རོགས་སྐྱོར་བྱས་པའི་གྲ་ནང་རྫོང་གི་མང་ཚོགས་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་པའི་གནས་ཚུལ་ཡིན་པ་རེད།
         2017ལོའི་ཟླ་10ཚེས་13ཉིན་གྱི་ཐོ་རེངས་སུ་མུའུ་ཡུས་ཅུན་ངལ་དུབ་ཀྱིས་ནད་གཞི་ཕོག་ནས་གློ་བུར་དུ་ཀླད་ཁྲག་འདྲེས་ཏེ་ལས་གནས་སུ་འགྱེལ་ཞིང་། དེ་དུས་དགུང་ལོ་40ལས་སླེབས་ཀྱི་མེད།
         ཚེ་སྲོག་གི་རྒྱུན་གློ་བུར་དུ་ཆད་ནའང་། ཁོང་གི་བྱམས་དང་བརྩེ་བས་ཁེངས་ལ་སྒམ་བརླིང་ནན་ཏན་གྱི་བཞིན་རས་མི་མང་པོའི་བློ་ངོར་ལྷང་ངེར་དྲན་བཞིན་མཆིས། བོད་ལ་ལས་ཀ་ལོ་21གནང་རིང་ཁོང་དང་ཡར་ལུང་ས་གཞི་གཉིས་གཅིག་ཏུ་འདྲེས་ཡོད།
         བདེན་པ་བདེན་ཐུབ་དང་འགན་འཁྲི་འཁུར་ཕོད་པ་བྱས་པ།
         1996ལོར་ལོ་19ལ་སླེབས་པའི་མུའུ་ཡུས་ཅུན་ཀན་སུའུ་ཀྲེན་ཡོན་ནས་དམག་ལ་ཞུགས་ཏེ་དྲག་ཆས་ཉེན་རྟོག་བོད་ལྗོངས་ལྷོ་ཁ་ཉིང་ལག་རུ་ཁག་གི་དྲག་ཆས་ཉེན་རྟོག་པའི་འཐབ་འཛིང་པ་ཞིག་ཏུ་གྱུར་ཞིང་། རྗེས་སུ་ས་གནས་ལ་ལས་སྒྱུར་བྱས་ནས་ལོ་མང་སོང་རིང་། ཁོང་གི་ལུས་ཐོག་ནས་དམག་མིའི་ངར་ཤུགས་དང་བསམ་ན་བྱེད་ཕོད་པའི་སྤྱོད་ཚུལ་དང་བདེན་པ་བདེན་ཐུབ་དང་འགན་འཁྲི་འཁུར་ཕོད་པའི་རང་གཤིས་ཤིག་སྔར་བཞིན་མི་ཉམས་པར་མངོན།
         2012ལོར་རྩ་འཛུགས་ཀྱིས་ཁོང་ས་བབ་སྨི་4200ཟིན་པའི་གནམ་གཤིས་སྡུག་ཅིང་ཆ་རྐྱེན་ཞན་པའི་རྒྱ་ཚ་རྫོང་འབའ་ཤང་དུ་ཏང་ཨུད་ཀྱི་ཧྲུའུ་ཅི་བྱེད་པར་བཏང་ཞིང་། བཀའ་བསྒོས་པའི་ཉིན་གཉིས་པར་ཁོང་གིས་རང་ཉིད་ལ་ས་མཐོའི་རང་བཞིན་གྱི་སྙིང་ནད་དང་ཁྲག་ཤེད་མཐོ་བའི་ནད་ཡོད་ཀྱང་ལས་འགན་དང་དུ་བླངས།
         འབའ་ཤང་ནི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཞིག་ཡིན། དེའི་རྐྱེན་གྱིས་འགལ་བ་སྣ་ཚོགས་ཐོན་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་མི་མངོན་པའི་རྐྱེན་ངན་ཞིག་ཏུ་གྱུར། མུའུ་ཡུས་ཅུན་སླེབས་པའི་དུས་ནི་འབའ་ཤང་ལ་དབྱར་རྩྭ་དགུན་འབུ་འཐུ་བའི་སྐབས་ཡིན། ཉིན་ཞིག་གི་སྔ་དྲོར་མང་ཚོགས་ཀྱི་ཐེར་འདོན་ཁ་པར་འབྱོར་ནས་ཕྱི་མི་10ཙམ་གྱིས་དབྱར་རྩྭ་དགུན་འབུ་འཐུ་བར་འོང་ཚུལ་བཤད། སྔོན་ལ་དེ་དག་གིས་དོགས་ཟོན་མི་ཡོང་ཆེད་མུའུ་ཡུས་ཅུན་གྱིས་ཁྲིམས་འཛིན་ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་ནས་ནམ་ཕྱེད་ལ་གློ་བུར་འཇབ་རྡུང་བྱ་རྒྱུའི་ཐག་བཅད།
         དཔྱིད་ཟླ་ར་བར་འབའ་ཤང་གི་མཚན་དགུང་དུ་གནམ་གཤིས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་8ཙམ་ཟིན་པའི་ཁར་དོམ་དང་དེ་མིན་གྱི་གཅན་གཟན་ཡང་ཐུག་ཉེན་ཆེན་པོ་ཡོད་ཀྱང་། མུའུ་ཡུས་ཅུན་གྱིས་ཁྲིམས་འཛིན་ཡན་ལག་རུ་ཁག་ཁྲིད་དེ་བྲག་རི་གཡང་གཟར་སྒྲོལ་ནས་མུན་ནག་ནང་སྨི་5000ལྷག་ཟིན་པའི་རིར་འཛེགས་པ་དང་། མུའུ་ཡུས་ཅུན་དང་བཅས་པས་ཁྲིམས་འགལ་བ་བདུན་གུར་ནང་ནས་བདེ་བླག་ངང་བཟུང་བ་རེད།
         མུའུ་ཡུས་ཅུན་གྱིས་སྣེ་ཁྲིད་པའི་ཁྲིམས་འཛིན་ཡན་ལག་རུ་ཁག་གིས་ཁྲིམས་འགལ་བར་རྡུང་རྡེག་དང་བཅོས་སྒྲིག་བསྟུད་མར་བྱས་སྟབས་དེ་གར་ལྐོག་ཏུ་དབྱར་རྩྭ་དགུན་འབུ་འཐུ་བར་ཡོང་མཁན་ཇེ་ཉུང་དུ་སོང་།
         མི་དམངས་གོང་དུ་བཀུར་ནས་ལས་ཀ་རྣམ་དག་ངང་བསྒྲུབས་པ།
         ཏང་ཡོན་ལས་བྱེད་པས་ལྷག་བསམ་རྣམ་དག་དང་སྐུལ་སློང་བཟང་པོས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་ངལ་སེལ་བ། བྱ་བཟང་བསྒྲུབས་ཚེ། གཞི་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་ཐོབ་ཐུབ། མུའུ་ཡུས་ཅུན་གྱིས་བསམ་བློ་དེ་ལྟར་གཏོང་གི་ཡོད་ལ་ལས་ཀའང་འདི་ལྟར་བསྒྲུབས་ཡོད།
         2013ལོའི་ལོ་མཇུག་ཏུ་མུའུ་ཡུས་ཅུན་གྱིས་འབའ་ཤང་གི་མང་ཚོགས་ལ་འཚམས་འདྲི་བྱེད་པར་སྐྱོད་སྐབས། འབའ་ཤང་གི་མང་ཚོགས་ཕྱུག་པོའི་ཁྱིམ་ཚང་ཕལ་ཆེ་བར་རླངས་འཁོར་ཡོད་ནའང་ཁ་ལོ་བར་སྤྱིའི་ཆ་ནས་རླངས་འཁོར་གཏོང་བའི་ཚད་ལྡན་གསོ་སྦྱོང་བྱེད་མྱོང་མེད་ལ་ཁ་ལོ་བའི་ལག་ཁྱེར་ཡང་མེད་པ་ཤེས་རྟོགས་བྱུང་ཞིང་། གལ་སྲིད་ཁ་ལོ་བས་ལག་ཁྱེར་མེད་པར་རླངས་འཁོར་བཏང་ནས་འགྲིམ་འགྲུལ་གྱི་གནས་ཚུལ་ཐོན་ཚེ་ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་བ་ཞིག་རེད།
         མུའུ་ཡུས་ཅུན་གྱིས་མང་ཚོགས་ཀྱི་དཀའ་ངལ་དེ་སེལ་རྒྱུའི་བློ་ཐག་བཅད་ཅིང་། ཁོང་གིས་ཕར་རྒྱུག་ཚུར་རྒྱུག་དང་བརྒྱ་བཤད་སྟོང་བཤད་བྱས་མཐར་ཁ་ལོ་བའི་སློབ་གྲྭ་ཞིག་གིས་འབའ་ཤང་གི་མང་ཚོགས་གསོ་སྦྱོང་བྱ་རྒྱུའི་ཁས་ལེན་ཐོབ་པ་མ་ཟད། ཁོང་གི་འབད་བརྩོན་ལ་བརྟེན་ནས་འབའ་ཤང་གི་གྲོང་ཚོ་བཞི་རེ་ལ་རླངས་འཁོར་གཏོང་བའི་ལྟ་སྦྱོང་ཡོ་ཆས་རེ་ཐོབ་ནས་མང་ཚོགས་80དང་ལས་བཟོ་20ལྷག་ལ་སྒོ་རྩ་ནས་ཁ་ལོ་བའི་ལག་རྩལ་སྦྱོང་རྒྱུ་བྱུང་སྟེ་ཁ་ལོ་བའི་ལག་ཁྱེར་བདེ་བླག་ངང་རག་པ་རེད།
         ལས་གནས་གང་གི་ཐོག་ཡིན་རུང་ཁོང་གིས་མང་ཚོགས་ལ་གཉེན་ཉེ་ལྟར་བརྩི་བ་དང་ལས་རོགས་ལ་སྤུན་ལྟར་གྱི་ལྟ་སྟངས་འཛིན་གྱི་ཡོད། བསམ་ཡས་གྲོང་རྡལ་གནས་ཁ་གྲོང་ཚོའི་ཡུལ་མི་དགྲ་འདུལ་ནི་མུའུ་ཡུས་ཅུན་གྱི“ཆ་སྒྲིག་དུད་ཚང”ཡིན་པ་དང་། ལོ་གསར་གཏོང་རིམ་བཞིན་ཁོང་གིས“གཉེན་ཉེའི་ཁྱིམ”དུ་འཚམས་འདྲིའི་དངུལ་དང་དངོས་པོ་ཁྱེར་ནས་ལྟ་བར་འགྲོ་རྒྱུ་བརྗེད་ཀྱི་མེད། དགྲ་འདུལ་གྱི་བཟའ་ཟླར་མཆིན་པའི་འབྲས་སྐྲན་ཕོག་པས་མུའུ་ཡུས་ཅུན་གྱིས་ནང་སའི་སྨན་ཁང་ལ་འབྲེལ་བ་བྱས་ནས་བཅོས་ཐབས་བྱས་པ་དང་། དགྲ་འདུལ་གྱི་བཟའ་ཟླ་གྲོངས་པའི་རྗེས། མུའུ་ཡུས་ཅུན་གྱིས་རྗེས་འཇུག་གཏོང་རོགས་ཀྱང་བྱས་ཤིང་། དུས་ད་ལྟའང་དགྲ་འདུལ་གྱིས་རྫོང་དཔོན་མུའུ་ལགས་འཚོ་བཞུགས་སྐབས“དོན་དག་ཡོད་ཚེ་འཕྲལ་མར་ང་འཚོལ་བར་ཤོག ངས་རོགས་པ་གང་ཐུབ་བྱེད་ཀྱི་ཡིན”ཞེས་གསུངས་མྱོང་བ་དྲན་བཞིན་ཡོད།
         མུའུ་ཡུས་ཅུན་གྱིས་མང་ཚོགས་ལ་སེམས་རྩ་འཁོལ་པོ་བྱས་ཀྱི་ཡོད་ཀྱང་རང་ཉིད་ལ་འགྲིག་ཙམ་འདུམ་ཙམ་གནང་གི་ཡོད། དུས་ཡུན་རིང་མོར་ངལ་དུབ་ཀྱི་རྐྱེན་གྱིས་ན་ཚ་བྱུང་བ་དང་ལས་ཀ་མང་བའི་དབང་གིས་ཁོང་གི་གཟུགས་པོ་ཇེ་སྡུག་ཏུ་སོང་སྟེ། 2017ལོའི་ཟླ་10ཚེས་13ཉིན་གྱི་ཐོ་རེངས་སུ་ལས་དུས་འཕར་མ་བྱས་པའི་རྗེས་གློ་བུར་དུ་ཀླད་ཁྲག་འདྲེས་ནས་ལས་གནས་སུ་འགྱེལ་བ་རེད།
         མི་དམངས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་མཁན་ཕུལ་བྱུང་ཏང་ཡོན་དང་ལས་བྱེད་པ་བཟང་པོ་འདི་ལྟ་བུ་གློ་བུར་དུ་ང་ཚོ་དང་གྱེས་སྐབས། ཉེ་འཁོར་མི་རྣམས་ཕངས་སེམས་དྲག་པོ་སྐྱེས་ནས་ཁོང་དང་འབྲལ་མི་འདོད་པ་བྱེད། ཁོང་ཚོས་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་མུའུ་ཡུས་ཅུན་གྱིས་ཏང་ལ་ལྷག་བསམ་དཀར་བ་དང་དམངས་ཆེད་སྲིད་བརྩོན་གྱིས་ཕྱག་ལས་གནང་ནས“ཏང་ཡོན”ཞེས་པ་མང་ཚོགས་ཀྱི་སེམས་ནང་བརྟན་པོར་འཇགས་པར་བྱས་ལ། འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་མུའུ་ཡུས་ཅུན་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་རང་ཉིད་ཀྱི་ཚེ་སྲོག་ལ་བརྟེན་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལག་ལེན་དུ་འཁྱོལ་བ་བྱས་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།