འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལམ་སྟོན་པའི་རྗེས་སུ་བསྙེགས་ནས་སླར་ཡང་འོད་སྟོང་གཏོད།

    —— ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྤྱི་ཚོགས་ལས་རིགས་ཁག་གིས་སྙིང་ཐག་པ་ནས་བརྩི་བཀུར་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་གཏམ་བཟང་ཁྱབ་རྗེས་སྤྱི་ཚོགས་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
         ཚང་མས་དེ་ནི་ལོ་རྒྱུས་ཀྱི་གདམ་ག་དང་། མི་དམངས་ཀྱི་འདུན་པ། དུས་རབས་ཀྱི་མངགས་བཅོལ་ཟབ་མོ་བཅས་ཡིན་ལ་ཏང་སེམས་ཕྱོགས་ས་དང་། དམངས་སེམས་བཅོལ་ཡུལ། ཀུན་གྱི་རེ་བ་བཅོལ་ས་བཅས་ཡིན་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་གོམ་པ་བརྟན་པོ་སྤོས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འོད་སྟོང་གསར་པ་མུ་མཐུད་གཏོད་ངེས་རེད་ཅེས་བཤད།
        “ལྷག་བསམ་ཟོལ་མེད་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་ལམ་སྟོན་པ”
         ཟླ་3ཚེས་17ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འདེམས་ཤོག་ཆ་ཚང་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་ཞི་ཅིན་ཕིང་གིས་ཕྱག་གཡོན་མ་རྩ་ཁྲིམས་དེབ་ཐོག་བཞག་གནང་བ་དང་ཕྱག་གཡས་པ་བརྐྱངས་གནང་སྟེ་སྒམ་བརླིང་ངང་དམ་བཅའ་བཞག
         “དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམངས་ཆེད་སྲིད་སྐྱོང་བའི་དམ་བཅའ་ནན་པོ་ཞིག་རེད”ཅེས་ཧྲའན་ཤིས་ཞིང་ཆེན་ཧྲང་ལུའོ་གྲོང་ཁྱེར་ཧྲན་དབྱང་རྫོང་ཨན་ཅ་མོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཐུས་མི་ཉིང་ཆི་ཧྲུའེ་ཡིས་དེའི་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་ཚོར་སྣང་ཟབ་མོ་བྱུང་བའི་ངང་དེ་ལྟར་བཤད། ཁོང་གིས“ཀྲུའུ་ཞི་ཞི་ཅིན་ཕིང་ནི་ང་ཚོས་ལྷག་བསམ་ཟོལ་མེད་ངང་བརྩི་བཀུར་ཞུ་བའི་གཙོ་འཛིན་ཡིན་ལ་མི་དམངས་ལ་ཁ་ཞེ་གཉིས་མེད་ཀྱིས་ཞབས་འདེགས་ཞུ་བའི་ལམ་སྟོན་པ་ཞིག་ཀྱང་རེད”ཅེས་བཤད།
         ཀུན་ལ་སེམས་འགུལ་ཐེབས་པའི་གཏམ་བཟང་དེས་ཧུའུ་ཐའོ་ཆུ་བོའི་བྱང་ཕྱོགས་ཀྱི་མི་རྣམས་དགའ་སྤྲོ་ལྷག་པར་འཕེལ་ཞིང་། ཟླ་3ཚེས་17ཉིན་གྱི་ཞོགས་པ་སྔ་པོར་ཧོ་པེ་ཀྲེང་ཏིང་རྫོང་ཐ་ཡོན་ཀྲོང་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་ཡུལ་མི་ཚོ་གྲོང་ཚོའི་ཏང་ཀྲི་པུའུ་གནས་ཡུལ་དུ་འཛོམས་ནས་བརྙན་འཕྲིན་ཐད་གཏོང་ལ་བལྟས་པ་རེད། ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་སྐོར་ཁྱབ་བསྒྲགས་བྱེད་སྐབས་ཚང་མ་ཡར་ལངས་ཏེ་དགའ་སྤྲོའི་ཐལ་མོ་བརྡབས་པ་རེད།
         བརྙན་འཕྲིན་ནས་ཐད་གཏོང་བྱས་པའི་འདེམས་བསྐོ་དང་དམ་བཅའ་འཇོག་པའི་གནས་ཚུལ་ལ་བལྟས་རྗེས་ཉིང་ཞ་ཡིང་ཁྲོན་གྲོང་ཁྱེར་མི་ཉག་ཁུལ་དབུན་ཁྲང་ལམ་ཁྲོམ་གཞུང་གི“མཉམ་སྤྱོད་སྡེ་ཁུལ”གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལིའུ་ལི་ཅོན་གྱིས་སེམས་འགུལ་ཐེབས་པའི་ངང“དེ་ནི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན་ལ་རྒྱལ་ཡོངས་མི་རིགས་ཁག་གི་བུ་ཕྲུག་གི་ཐུན་མོང་གི་འདུན་པའང་དེ་བས་ཡིན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཕྱར་བ་གྲུ་འདེགས། ལྟ་རེས་སྐྱོང་རེས་བཅས་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གྱི་དུས་རབས་གསར་པ་ཞིག་གཏོད་རྒྱུ་ཡིན”ཞེས་བཤད།
         “འབྱུང་འགྱུར་ལ་ང་ཚོ་ཡིད་ཆེས་ཀྱིས་ཁེངས”
         ཟླ་3ཚེས་17ཉིན“རང་རྒྱལ་དུ་ཕྱིར་ལོག་པའི”ལས་གཏོད་མི་སྣ་སྟོང་གི་རྒྱལ་ཁབ་འཆར་གཞིའི་དམིགས་བསལ་གདན་ཞུའི་རིགས་གཅིག་མཁས་ཅན་ཀྲེན་ཕན་གྱིས་ཧང་ཀྲོའུ་ཡི་ཕུགས་འདུན་གྲོང་རྡལ་ཆུང་ངུར་ལག་ཐོགས་ཁ་པར་གྱི་སྨྱན་སྦྱོར་གསར་པའི་ལྟ་བདེའི་བརྒྱུད་ལམ་ནས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་གཏམ་བཟང་མཐོང་རྗེས“ང་ཚོའི་ཕུགས་འདུན་གྱི་འགྲོ་ལམ་ཇེ་ཡངས་སུ་གྱུར་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཉེར་ཡོད་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།
         ལྷོ་རྒྱ་མཚོའི་མཐའ་མཚམས་སུ་གནས་པའི་ཧའེ་ནན་ཞིང་ཆེན་འབྲས་སྐྲན་སྨན་ཁང་གི་ལས་འཛིན་འགོ་གཙོ་ཅང་ཧུའེ་ཁྲེང་གིས་རང་ཉིད་ཀྱི“ཕྱིར་སྐྱོད་ཕུགས་བསམ”སྐོར་གླེང་སྐབས། “སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་དང་བསྟུན་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་ཐོབ་པར་དཀའ་བའི་གོ་སྐབས་བྱུང་བས་འབྱུང་འགྱུར་ལ་ང་ཚོ་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་བཤད། ཕུགས་འདུན་དོན་གཉེར་གྱི་སེམས་ཤུགས་རྒྱས་ནས་ཡིད་ཆེས་ཀྱིས་ཁེངས།
         ཕྱི་འབྲེལ་པུའུ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་བཅས་ཀྱི་ལས་བཟོ་ཚོས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་གང་ལེགས་མངོན་པ་ཞིག་དང་། ཏང་སེམས་ཕྱོགས་ས་དང་། དམངས་སེམས་ཕྱོགས་ས། ཀུན་གྱི་རེ་བ་བཅོལ་ས་བཅས་ཡིན། དུས་རབས་གསར་པར་སླེབས་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གིས་རླབས་གཤག་མདུན་སྐྱོད་ངང་རྒྱལ་ཁ་གསར་པ་རྒྱུན་མི་ཆད་པར་བླངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཏན་ཏན་འགྲུབ་ངེས་རེད་ཅེས་བཤད།
         “ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ་དང་འབད་འཐབ་བྱས་ནས་མེས་རྒྱལ་གྱི་དྲིན་ལན་འཇལ”
         ཉིན་ཤས་བསྟུད་མར“ཀྲུང་གོའི་ལྷ་མིག”གསར་བཟོ་བྱེད་མཁན་གྲས་ཀྲུང་གོ་ཚན་རིག་ཁང་FAST(ལྷ་མིག)གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་ཕེང་པོའི་ལག་ཐོགས་ཁ་པར་གྱི་གྲོགས་ཚོམས་ནང“ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་གི་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི”གཏམ་བཟང་སྤེལ་བ་ཁྱབ་ཚད་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཁོང་གི་ལས་རོགས་དང་། སློབ་ཕྲུག ཕྱི་རྒྱལ་དུ་ཡོད་པའི་སློབ་གཉེར་བ་བཅས་ཀྱིས་ཡི་གེ་བྲིས་པ་དང་མོས་རྟགས་བཀོད་ནས་དགའ་སྤྲོའི་སེམས་པ་མཚོན་པར་བྱས་འདུག
         “2016ལོའི་ཟླ་9ཚེས་25ཉིན‘ཀྲུང་གོའི་ལྷ་མིག’སྤྱོད་འགོ་ཚུགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཡིག་གེ་སྤྲིངས་ནས་ང་ཚོར་གྲུབ་འབྲས་སྔ་ཙམ་ཐོབ་པ་དང་། གྲུབ་འབྲས་མང་ཙམ་ཐོབ་པ། གྲུབ་འབྲས་ཡག་པོ་ཐོབ་པ། གྲུབ་འབྲས་ཆེན་པོ་ཐོབ་རྒྱུའི་ལྕག་སྐུལ་གནང་བྱུང་། ལོ་གཅིག་ལྷག་ཙམ་རིང་ཚན་རྩལ་ལས་དོན་པ་དང་བཟོ་འགོད་ལག་རྩལ་པ་བརྒྱ་ལྷག་ཙམ་གྱིས་སྙིང་རུས་ཆེན་པོས་འབད་བརྩོན་དང་དཀའ་སྤྱད་ཞིབ་འཇུག་བྱས་པ་བརྒྱུད་ང་ཚོས་ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱས་ཡོད”ཅེས་ཕེང་པོས་བཤད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་མཁན་ཀན་སུའུ་ཡི་འཐུས་མི་ཀུའོ་ཡུས་ཧྥེན་གྱིས“རྒྱལ་ཁབ་ཀྱི་དེད་དཔོན་ཡིན་པའི་ཞི་ཅིན་ཕིང་གིས་མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ཐུགས་ལ་བཞག་པ་དང་ལས་འགན་དུ་བརྩིས་གནང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱ་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་གནང་ཡོད། ང་ཚོས་ཡར་བརྩོན་གྱི་ངར་ཤུགས་དང་འབད་འབུངས་སྟོབས་བརྩོན་ལ་བརྟེན་པ་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ཏེ་འབད་འཐབ་བྱས་ནས་མེས་རྒྱལ་གྱི་དྲིན་ལན་འཇལ་རྒྱུ་ཡིན”ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།