འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བ་དང་བསྟུན་ནས་བོད་ལྗོངས་ཀྱི་དབུལ་པོའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ནས་ལྟོ་གོས་འཕྱིད་ཙམ་གཙོ་བོར་བྱས་པའི་དུས་མཚམས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དུས་མཚམས་སུ་སླེབས་ཡོད། དེ་དང་ཆབས་ཅིག་དབུལ་སྒྲོལ་འགག་སྒྲོལ་ཡང་ཡོངས་ལ་རོགས་སྐྱོར་གཙོ་བོར་བྱེད་པའི་དུས་མཚམས་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་དུ་འགག་སྒྲོལ་བྱེད་པའི་དུས་མཚམས་སུ་བསྒྱུར་ཡོད།
         བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་དབྱིན་ཕེན་ཧྲུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དེང་སྐབས་དབུལ་པོ་ཁྱབ་ཚུལ་དང་། དབུལ་པོའི་གྲུབ་ཆ། དབུལ་པོའི་ངོས། རོགས་སྐྱོར་བྱེད་ནུས། གཙོ་གནད་རོགས་སྐྱོར་བཅས་ཕྱོགས་ལྔའི་ཐད་བོད་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ཡོད། གོམ་སྟབས་རྗེས་མར་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དེ་དབུལ་པོ་ཉུང་དུ་གཏོང་ཚད་ལ་མཐོང་ཆེན་བྱེད་པ་ནས་དབུལ་སྒྲོལ་སྤུས་ཚད་ལ་དེ་བས་མཐོང་ཆེན་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུ་དང་། ཕྱོགས་ཡོངས་ནས་རོགས་སྐྱོར་ལ་སྐུལ་འདེད་གཏོང་བར་མཐོང་ཆེན་བྱེད་པ་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་འགག་སྒྲོལ་ཐུབ་རྒྱུར་དེ་བས་མཐོང་ཆེན་བྱ་རྒྱུར་བསྒྱུར་རྒྱུ། སྒོ་དབྱེ་རྣམ་པའི་དབུལ་སྐྱོར་གཙོ་བོར་བྱེད་པ་ནས་སྒོ་དབྱེ་རང་བཞིན་དང་འགན་ལེན་རང་བཞིན་གྱི་དབུལ་སྐྱོར་གལ་ཆེ་མཉམ་དུ་བརྩི་རྒྱུར་བསྒྱུར་རྒྱུ། དབུལ་སྒྲོལ་དམིགས་ཚད་ལེགས་སྒྲུབ་བྱ་རྒྱུར་མཐོང་ཆེན་བྱེད་པ་ནས་མང་ཚོགས་དབུལ་པོའི་ཐོབ་ཚོར་ཆེ་རུ་གཏོང་རྒྱུར་དེ་བས་མཐོང་ཆེན་བྱེད་པར་བསྒྱུར་རྒྱུ་རེད།
         2013ལོ་ནས་ད་བར་གྱི་ལོ་ལྔ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་མཐོང་ཆེན་བྱ་ཤུགས་ཆེ་ཤོས་དང་། མ་དངུལ་གཏོང་ཤུགས་ཆེ་ཤོས། སྐུལ་སློང་ཁྱབ་ཁོངས་ཆེ་ཤོས། མང་ཚོགས་དབུལ་པོར་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ་ལྔ་ཡིན་ཞིང་། ལོ་ལྔའི་རིང་བོད་ཀྱི་མི་འབོར་དབུལ་པོ་ཁྲི་86ནས་2017ལོའི་ལོ་མཇུག་བར་གྱི་མི་ཁྲི་33བར་ཉུང་དུ་ཕྱིན་ནས་དབུལ་པོ་ཁྲི་53ཉུང་དུ་སོང་བ་དང་། དབུལ་པོར་འགྱུར་ཚད་དེ་32.33%ནས་12.4%བར་ཆག་ཡོད། 2016ལོར་རྒྱལ་ཁབ་ཀྱིས“ཕྱོགས་བསྡུས་གདེང་འཇོག་བཟང་བའི”ཞིང་ཆེན་དང་རང་སྐྱོང་ལྗོངས་8ཀྱི་གྲས་སུ་བདམས་ཡོད། 2017ལོར་བོད་ཀྱིས་སླར་ཡང་གཡུར་དུ་ཟ་བའི་གྲུབ་འབྲས་བཏོད་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་དབུལ་པོ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་16%འཕར་ནས་དབུལ་པོ་མི་ཁྲི་15ཉུང་དུ་ཕྱིན་པ་དང་། གྲོང་ཚོ་དང་གྲོང་ལྷན་དབུལ་པོ་1705དབུལ་པོའི་གནས་ལས་ཕྱིར་འཐེན་ཐུབ་ནས་རྫོང་དང་ཆུས་25དབུལ་སྒྲོལ་ཐུབ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་གི་ལོ་མཇུག་བར་ལྗོངས་ཡོངས་སུ་ད་དུང་ཤིན་ཏུ་དབུལ་པོའི་རྫོང་44དང་ཤིན་ཏུ་དབུལ་པོའི་ཤང་དང་གྲོང་རྡལ་315 ཤིན་ཏུ་དབུལ་པོའི་གྲོང་ཚོ་2440བཅས་ཡོད་པ་དེས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་། གྲོང་ཚོ་དང་གྲོང་ལྷན་བསྡོམས་འབོར་གྱི་45.3%དང་44.6%སོ་སོར་བཟུང་ཡོད། དེ་ཐོག་ནས་རང་ལྗོངས་ཀྱི་དབུལ་པོ་ཁྱབ་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་པ་མཐོང་ཐུབ། ལྗོངས་ཡོངས་ཀྱི་ངོས་ནས་བལྟས་ཚེ། ཤིན་ཏུ་དབུལ་པོའི་ས་ཁུལ་དུ་དབུལ་པོ་སྔར་བས་གཅིག་སྡུད་ཆེ་བས་ཞན་ཆ་དེ་བས་མངོན་གསལ་དོད་དུ་ཕྱིན་པ་དང་། དབུལ་པོའི་ཀོང་སའི་ནུས་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
         དབྱིན་ཕེན་ཧྲུའེ་ཡིས་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་སྐབས་ད་ཡོད་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་མི་ཚང་མ་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པ་མ་ཟད། མང་ཚོགས་དབུལ་པོར་ཏན་ཏིག་ངང་བྱ་བ་དངོས་བསྒྲུབས་ནས་དབུལ་སྒྲོལ་བརྒྱུད་རིམ་ནང་མང་ཚོགས་དབུལ་པོར་ཐོབ་ཚོར་ཏན་ཏིག་ཡོང་བ་བྱེད་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།