འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་70“སྣོད་བཅུད་སྲུང་དམག”ལ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་བོད་ཀྱིས་སྣོད་བཅུད་ཁ་གསབ་བྱ་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་61.67དོན་འཁྱོལ་བྱས་པ་དང་། སྣོད་བཅུད་སྲུང་སྐྱོང་གི་སྲིད་ཇུས་རང་བཞིན་གྱི་ལས་གནས་ཁྲི་70མཁོ་འདོན་བྱས་པ། མི་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་སྒོར་3000སྤྲད་པ་བཅས་ལས་ཞིང་འབྲོག་པ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་གངས་ལྗོངས་ས་མཐོ་སྲུང་སྐྱོང་ཐུབ་པ་དང་དུས་མཚུངས“སྣོད་བཅུད་ཀྱི་ལས་གནས”ལ་བརྟེན་ནས་ཡོང་འབབ་མང་དུ་ཕྱིན་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱིས་ངོ་སྤྲོད་བྱས་དོན། འདས་ཟིན་པའི་ལོ་ལྔའི་རིང་བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ་དེ་བས་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། རིམ་རྩིས་ལྟར་ན། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཆར་འགོད་ལས་གྲྭའི་མ་འཇོག་སྒོར་དུང་ཕྱུར་55.6དང་སྣོད་བཅུད་ཁ་གསབ་རོགས་དངུལ་སྣ་ཚོགས་སྒོར་དུང་ཕྱུར་254.34དོན་འཁྱོལ་བྱས་ཡོད་པ་རེད།
         ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ཞིང་།
          འདི་གར་གཙོད་དང་། རྐྱང་། འབྲོང་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོང་སྲོག་ཆགས་འཚོ་སྡོད་བྱེད་བཞིན་ཡོད་པ་རེད། ས་མཐོའི་རྩ་ཆེའི་སྲོག་ཆགས་དེ་དག་སྲུང་སྐྱོང་ཡག་པོ་བྱ་ཆེད་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཆེད་མངགས་གྲོན་དངུལ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱས་ནས་དོ་དམ་སྲུང་སྐྱོང་རུ་ཁག་73བཙུགས་པ་དང་འབྲེལ་ཞིང་འབྲོག་པའི་དོ་དམ་སྲུང་སྐྱོང་པ་780གདན་དྲངས་ནས་བྱང་རྩྭ་ཐང་ཐོག་སྐོར་སྐྱོད་དོ་དམ་སྲུང་སྐྱོང་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཡོད་པ་རེད།
         ནག་ཆུ་ས་ཁུལ་གྱི་ལྷོ་མ་གྲོང་རྡལ་སེར་གླིང་མཚོ་འགྲམ་གྱི་འབྲོག་པ་བཀྲ་ཤིས་ཕུན་ཚོགས་དེའི་ནང་གི་གྲས་ཤིག་ཡིན་པ་དང་། ལོ་36ལ་སླེབས་པའི་བཀྲ་ཤིས་ཕུན་ཚོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པ་བྱས་ནས་ལོ་9ཕྱིན་ཡོད་པ་རེད། ཁོང་གི་ཉིན་རེའི་ལས་འགན་གཙོ་བོ་ནི་རྒྱང་ཤེལ་འཁྱེར་བ་དང་སྦག་སྦག་བཞོན་ནས་མཚོ་འགྲམ་དུ་དུས་གཏན་ཉེན་ཟོན་སྐོར་ཞིབ་བྱས་ཏེ་ཁྲུང་ཁྲུང་མཇིང་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་རྩ་ཆེའི་བྱ་རིགས་མཚོ་འགྲམ་དུ་རང་དགར་སྐྱེ་འཕེལ་འཚོ་གནས་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་ཡིན་ཞིང་། བཀྲ་ཤིས་ཕུན་ཚོགས་ཀྱིས“བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱས་པ་ཞིག་ཡིན། ད་དུང་སྲིད་གཞུང་གིས་ཟླ་བ་རེར་ང་ཚོར་ཁ་གསབ་མ་དངུལ་སྤྲད་ནས་ལས་དོན་དེ་མུ་མཐུད་ཡག་པོ་བསྒྲུབ་རྒྱུའི་རེ་བ་གནང་གི་འདུག”ཅེས་བརྗོད།
         གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་ཡོད་པ་དང་། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.37ཟིན་པ་དེས་བོད་ཀྱི་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་33.9%བཟུང་ཡོད་པ་རེད། རྒྱལ་ཁབ་ཀྱི་རིགས་ཁག་གི་སྣོད་བཅུད་ཁ་གསབ་མ་དངུལ་གྱི་རྒྱབ་སྐྱོར་འོག་བོད་ཀྱི་ཞིང་འབྲོག་པ་ཁྲི་70“སྣོད་བཅུད་སྲུང་དམག”ལ་གྱུར་ནས་གངས་ལྗོངས་ས་མཐོའི་རི་ཆུ་ཚང་མར་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།