འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་རིག་གནས་གྲངས་འཛིན་ཐོན་ཁུངས་སུ་བསྒྱུར་ཏེ་བོད་ལྗོངས་ཀྱིས་གྲངས་འཛིན་རིག་
    གནས་འཛུགས་སྐྲུན་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 《གླིང་སྒྲུང་》ནི“ཤར་ཕྱོགས་ཀྱི་ཧོ་མའི་ལོ་རྒྱུས་མཚོན་པའི་སྙན་ངག”ཡིན་པའི་སྙན་གྲགས་ཁྱབ་ཅིང་། དེའི་ནང་བོད་རིགས་ཀྱི་དཔའ་བོ་གླིང་གེ་སར་རྒྱལ་པོས་བདུད་འདུལ་དགྲ་འཇོམས་ཀྱིས་མི་སེར་ལ་བདེ་སྐྱིད་བསྐྲུན་པའི་གཏམ་རྒྱུད་བརྗོད་ཡོད་རེད། ད་ལྟ་དེང་རབས་ཀྱི་ཚན་རྩལ་ལ་བརྟེན་ནས་ང་ཚོས་ཙི་གུའི་མཐེབ་མནན་པ་ཙམ་གྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་གཞས་གདངས་ཉན་ཆོག་པ་རེད།
         བོད་ཤོག་དང་བོད་ཀྱི་སྣག་ཚ་བཟོ་བའི་ལག་རྩལ་དང་། ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ཡ་གྱལ་《འགྲོ་བ་བཟང་མོ་》ཡི་སྙན་འཇེབས་ལྡན་པའི་གཞས་གདངས་སོགས་བོད་ལྗོངས་གྲངས་འཛིན་རིག་གནས་དྲ་བའི་ཐོག་གི་ནང་དོན་འདྲ་མིན་སྣ་ཚོགས་ཡོད་པ་རེད། དྲ་ཚིགས་གཉེར་སྐྱོང་ལས་དོན་ཀྱི་འགན་འཁུར་མཁན་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དྲ་རྒྱ་པུའུ་ཡི་ཀྲུའུ་རེན་བཀྲ་ཤིས་རྒྱལ་པོས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱི་གྲངས་འཛིན་རིག་གནས་དྲ་བ་རང་གིས་བཟོས་པའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་བམ་པོ་663ཡོད་ཅིང་། དེའི་ནང་བརྙན་ཟློས་ཐོན་ཁུངས་བམ་པོ་661དང་། སྒྲ་ཟློས་ཐོན་ཁུངས་ཆུ་ཚོད་2300ལས་བརྒལ་ཡོད་པ་རེད།
         གཞན་ཡང་། དྲ་ཚིགས་ཀྱི་དྲ་འོག་ཐོན་ཁུངས་ཀྱང་ཅུང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེའི་ནང་གྲངས་ཉུང་མི་རིགས་ཀྱི་སྐད་སྒྱུར་བཟོའི་ཐོན་ཁུངས་བསྡོམས་འབོར་8.12TBཟིན་པ་དང་། ས་གནས་ཀྱི་ཁྱད་ཆོད་ལྡན་པའི་ཐོན་ཁུངས་དང་གསར་བརྗེའི་རིག་གནས་ཐོན་ཁུངས་བསྡོམས་འབོར་9.33TBཟིན་པ་རེད། བཀྲ་ཤིས་རྒྱལ་པོས་ཕྱིན་ཆད་ཁྱད་ཆོས་ལྡན་པའི་ནང་དོན་སྔར་བས་མང་བ་དྲ་ཚིགས་ཐོག་འགྲེམས་སྟོན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         2006ལོར། རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་བོད་རང་སྐྱོང་ལྗོངས་ཡན་ལག་ལྟེ་གནས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་བཙུགས་པ་རེད། དེའི་དྲ་ཚིགས་གཙོ་བོ་ཡིན་པའི་བོད་ལྗོངས་གྲངས་འཛིན་རིག་གནས་དྲ་བ་ནི་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ལས་གཉེར་བྱེད་འགན་ཁུར་བ་དང་། སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྲུན་ཡང་དེའི་ལྟེ་བའི་ལས་དོན་གྱི་ཡ་གྱལ་དུ་གྱུར་པ་རེད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་ད་ལྟ་ཉར་ཚགས་བྱས་པའི་དཔེ་དེབ་དེབ་ཁྲི་40ལྷག་ཡོད་ཅིང་། དེའི་ནང་བོད་ཡིག་དཔེ་ཆ་རྙིང་པ་བམ་པོ་15000དང་བོད་ཡིག་ཚད་ལྡན་ཡིག་ཆ་དེབ་ཁྲི་10ལྷག་ཙམ་ཟིན་པ་དང་། གློག་རྡུལ་དཔེ་དེབ་དེབ་ཁྲི་14ལྷག་ཙམ་དང་།  དྲ་ཐོག་བརྙན་ཟློས་བམ་པོ་3000ལྷག་ཙམ་བཅས་ཡོད་པ་རེད།
         བོད་ལྗོངས་རིག་གནས་ཐིང་སྤྱི་པའི་རིག་གནས་ཁྲུའུ་ཡི་འགོ་འཛིན་མིག་དམར་གྱིས“སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྲུན་དེས་ཚང་མར་སྔར་བས་སྟབས་བདེ་བའི་སྒོ་ནས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ངོ་སྤྲོད་བྱེད་ཐུབ་པས། རིག་གནས་སྤེལ་རེས་ལ་ཕན་པ་ཡོད”ཅེས་བཤད་པ་རེད། 
         ད་ལྟ། གཞི་རིམ་ཞིང་འབྲོག་མང་ཚོགས་ཉིན་རེ་ལས་ཉིན་རེར་མང་བས་གྲངས་འཛིན་རིག་གནས་འཛུགས་སྐྲུན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་རེད། མིག་སྔར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ཕུད། བོད་ལྗོངས་ཡོངས་སུ་རིག་གནས་མཉམ་སྤྱོད་ལས་གཞིའི་ཞབས་ཞུའི་ས་ཚིགས་ས་ཁུལ་ལམ་གྲོང་ཁྱེར་རིམ་པའི་ཡན་ལག་ལྟེ་གནས་3དང་། རྫོང་རིམ་པའི་ཡན་ལག་ལྟེ་གནས་74 ཤང་གྲོང་གཞི་རིམ་ཞབས་ཞུའི་ས་ཚིགས་692བཅས་འཛུགས་སྐྲུན་བྱས་ཡོད་པ་རེད།
         ཉེ་ཆར། བོད་ལྗོངས་གྲངས་འཛིན་རིག་གནས་དྲ་བ་ཡིས“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ”དང“སྒྲ་རིག་པའི་འཆད་ཁྲིད་ཕྲེང་རྒྱུད་མ”སོགས་ཀྱི་ལེ་ཚན་གྱི་ནང་དོན་གསར་བཅོས་བྱས་ཡོད་ཅིང་། 2016ལོའི་ཟླ་6པ་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་། མིག་སྔའི་བར་བོད་ལྗོངས་གྲངས་འཛིན་རིག་གནས་དྲ་བའི་རྒྱ་ཡིག་དཔར་གཞིར་འཚམས་འདྲི་བྱས་གྲངས་བསྡོམས་འབོར་ས་ཡ་ལས་བརྒལ་བ་དང་། བོད་ཡིག་པར་གཞིར་འཚམས་འདྲི་བྱས་གྲངས་བསྡོམས་འབོར་ཡང་བསྟུད་མར་མང་དུ་འགྲོ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།