འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་པ་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུར་ཇི་ཙམ་སྐྱོད་པ་དེ་ཙམ་
    གྱིས་རྒྱ་ཆེ་རུ་འགྲོ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         —— ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ ཏང་ཀྲུང་དབྱང་གིས་གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་ལ་ཐུགས་ཁུར་གནང་ལུགས་སྐོར་གྱི་དངོས་བྲིས། 
         ལམ་བུ་བཏིང་ནས་མཛད་རྗེས་ཆེན་པོ་བཞག་པ་དང་། སེམས་པ་སྦྲེལ་ནས་ཕྱུག་འགྱུར་ལམ་བུ་བཏོད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་ལས་རྒྱ་ཆེའི་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུའི་ཐད་ཐུགས་རེ་ནན་པོ་བཅོལ་གནང་ཡོད།
         གྲོང་གསེབ་ལམ་བུ་རྒྱ་ཆེར་བཏང་བ་ལས་གྲོང་ཚོ་སྟོབས་ཆེར་ཕྱིན་ཏེ་ས་ཁུལ་དབུལ་པོའི་ཞིང་འབྲོག་མང་ཚོགས“ནང་དུ་ཡོང་ཐུབ་པ་དང་། ཕྱིར་སྐྱོད་ཐུབ་པ། ཤར་བགྲོད་ཐུབ་པ”བཅས་ཡོང་བ་བྱས་པ།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཉེ་དུས‘ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ’འཛུགས་སྐྲུན་ཐད་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཏེ་གྲོང་གསེབ་དང་ལྷག་པར་དུ་ས་ཁུལ་དབུལ་པོར་མི་གཡང་དང་རྒྱུ་ནོར་གཉིས་འཛོམས་བྱུང་ཡོད་ལ་ཏང་གིས་གཞི་རིམ་དུ་དམངས་སེམས་གཅིག་ཏུ་བསྡུ་ཐུབ་པ་བྱུང་ཡོད”ཅེས་བཏོན་གནང་ཡོད།
         ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འགག་རྩ་ནི་གྲོང་གསེབ་ཡིན་པ་དང་གྲོང་གསེབ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྨང་གཞི་ནི་འགྲིམ་འགྲུལ་ཡིན་པ།
        སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལ་དམིགས་བསལ་གྱི་ས་མཐོའི་མཛེས་ལྗོངས་ལྡན་པ་མ་ཟད་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་500ཙམ་ལས་མེད་མོད། འོན་ཀྱང་དུས་ཡུན་རིང་པོའི་ནང་གཞུང་ལམ་མེད་པའི་དབང་གིས་རི་གྲོང་གི་ཡུལ་མི་ཚོ་ས་མཐོ་དེའི་ཐོག་ལུས་པ་དང་གྲོང་ཁྱེར་གྱི་མི་རི་གྲོང་དུ་ཡོང་ཐུབ་ཀྱི་མེད་ལ་རི་གྲོང་གི་གྲོང་མི་གྲོང་ཁྱེར་དུའང་འགྲོ་ཐུབ་ཀྱི་མེད་པ་རེད།
        “རི་སྟེང་དུ་གྲོང་ཚོ་ཞིག་ཡོད་པ་དེའི་མིང་ལ‘རྐང་སྦྲིད་གྲོང་ཚོ’ཟེར་བ་དང་དེ་སྔ་གྲོང་གསེབ་གཞུང་ལམ་མ་བཟོས་གོང་ང་ཚོ་རི་གཤམ་དུ་རྐང་ཐང་མར་སྐྱོད་དགོས་པས་རྐང་པ་སྦྲིད་ཀྱི་ཡོད་སྟབས་མིང་དེ་ལྟར་བཏགས་ཡོད”ཅེས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་ལའོ་ཡིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཕུའུ་ལི་ཁྲོན་གྱིས་གསར་འགོད་པར་བཤད། ད་ཆ“སྐང་སྦྲིད་གྲོང་ཚོའི”ལམ་བཟོས་ཟིན་ནས་ཡུལ་མི་ཚོ་རི་གཤམ་དུ་སྐྱོད་པར་སྐར་མ་10ལྷག་ཙམ་ལས་འགོར་གྱི་མེད་སྟབས་ཧ་ཅང་སྟབས་བདེ་པོ་ཡོད་པ་རེད།
         ས་ཁུལ་དབུལ་པོ་མང་ཆེ་བ་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པའི་རི་ཁུལ་དུ་གནས་པས་གྲོང་གསེབ་ཀྱི་གཞུང་ལམ་སྐྱེལ་འདྲེན་དེ་ས་གནས་དེ་གར་མེད་ན་མེད་ཐབས་བྲལ་བའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཞིག་ཏུ་གྱུར་ཡོད་པ་རེད།
         2017ལོའི་ཟླ་3ཚེས་8ཉིན་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་དེ་སྔ་བརྙན་འཕྲིན་ཐོག་ནས་ལེང་ཧྲན་ཀྲོའུ་ཡི“གད་ཟུར་གྲོང་ཚོའི”སྐོར་གྱི་གནས་ཚུལ་སྤེལ་གཏོང་བྱས་པ་མཐོང་བྱུང་ལ་ལྷག་དོན་དུ་གྲོང་མི་ཚོ་ཕྱིར་སྐྱོད་པའི་ཐད་སྟབས་བདེ་པོ་མེད་པ་མཐོང་སྐབས་སེམས་ཁྲལ་ཆེན་པོ་བྱུང་། ས་གནས་དེར་ལྕགས་སྐས་གསར་པ་བཟོས་པ་ཐོས་སྐབས་སེམས་ཁྲལ་ཅུང་ཟད་ཆུང་དུ་ཕྱིན་སོང་ཞེས་གསུངས་པ་རེད།
         ཁོང་གིས་མིག་སྔའི་དབུལ་སྒྲོལ་ལས་དོན་གྱི་འགག་རྩ་ནི་གནད་སྨིན་ཤུགས་འདོན་བྱས་ཏེ་གཞི་རིམ་དུ་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ་དང་ཁག་གཅིག་ལ་ད་དུང“ཕར་ཆིན”རྒྱག་པའི་སྙིང་རུས་ལྡན་དགོས་པའི་ནན་བཤད་གནང་བ་རེད།
         “གད་ཟུར་གྲོང་ཚོའི”གྲོང་མི་ཚོས་དེ་སྔ་ཁོང་ཚོ་གྲོང་ཚོའི་ནང་འགྲོ་འོང་བྱེད་པར་འཁྲི་ཤིང་ཤར་མ་དང་ཤིང་བསླས་ཏེ་བཟོས་པའི“གནམ་སྐས”དུམ་བུ་17འཛེགས་དགོས་པ་དང་རི་གཤམ་ནས་རི་སྐེད་བར་ལམ་ཐག་སྤྱི་ལེ་བཞི་ལས་མེད་རུང་ཆུ་ཚོད་5འཛེགས་དགོས་པ་ནམ་ཡང་བརྗེད་མི་སྲིད། ད་ཆའི“གནམ་སྐས”ནི་ལྕགས་མདོང་1500ལས་བཟོས་པ་ཞིག་ཡིན་པས་ཡུལ་མི་ཚོ་དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཕུགས་འདུན་སྒྲུབ་ཐུབ་ཉེར་ཡོད།
         “ཡག་པོ་བཞིའི་གྲོང་གསེབ་ལམ་བུ”བཟོས་པ་དེས་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཕྱིན་པ་དང་ཏང་སེམས་དང་དམངས་སེམས་འབྲེལ་ནས་ཏང་གིས་གྲོང་གསེབ་ཏུ་སྲིད་འཛིན་པའི་རྨང་གཞི་བརྟན་དུ་སོང་ཡོད་པ་རེད།
         གཞུང་ལམ་ལ་བརྟེན་ནས་གྲོང་མི་ཕྱུག་པོ་ཆགས་པ་དང“འབྲེང་ཟམ་ལ་འགྱུར་ལྡོག་གཏོང་བ་དང་ལམ་དུམ་བུ་གཅིག་བཟོ་བཅོས་བྱས་ཏེ་མང་ཚོགས་ཚོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྒོ་མོ་ཕྱེ་བ”
         ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས། ལམ་མེད་ན་གྲོང་གསེབ་ཕྱུག་པོ་ཆགས་ཐབས་བྲལ། “ཡག་པོ་བཞིའི་གྲོང་གསེབ་ལམ་བུ”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཕྱོགས་སྡོམ་གྱིས་བཏོན་གནང་བ་ཞིག་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅིས་སྐུལ་སྤེལ་བཏང་གནང་བ་ནི་དམངས་འཚོའི་འདུ་འགོད་ཅིག་དང་། དམངས་སེམས་འདུ་འགོད་ཅིག ཕན་སྦྱར་འདུ་འགོད་ཅིག་བཅས་ཡིན་པ་རེད།
         2014ལོའི་གནམ་ལོ་གསར་ཚེས་ཀྱི་སྔ་སྣུར་དུ། ཡུན་ནན་ཞིང་ཆེན་ཀུང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་གི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ་ཀའོ་ལི་ཀུང་ཧྲན་ཏུའུ་ལུང་གཙང་པོའི་གཞུང་ལམ་གྱི་ཕུག་ལམ་ཤར་གཏོང་ཐུབ་ལ་ཉེ་བའི་གཏམ་བཟང་ཞུས་པ་རེད། འཕྲིན་ཡིག་འབྱོར་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ཏུའུ་ལུང་རིགས་ཀྱི་ཡུལ་མི་ཚོར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་ཏུའུ་ལུང་གཙང་པོའི་གཞུང་ལམ་གྱི་ཕུག་ལམ་ཤར་གཏོང་ཐུབ་རྗེས་ཏུའུ་ལུང་རིགས་ཀྱི་སྤུན་ཟླ་ཚོ“རྒྱལ་ཡོངས་ཀྱི་སྤུན་ཟླའི་མི་རིགས་གཞན་དང་མཉམ་དུ་འབྱོར་འབྲིང་འཚོ་བའི་ཐོག་སྐྱོད་ཐུབ་རྒྱུའི”ཐུགས་རེ་ཟབ་མོ་གནང་གི་ཡོད་པ་རེད།
         ལོ་དེ་རང་གི་ཟླ་3ཚེས་4ཉིན། གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྙན་ཞུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ལྷག་པར་དུ་ས་ཁུལ་དབུལ་པོ་ཁག་གཅིག་ཏུ་འབྲེང་ཟམ་ལ་འགྱུར་ལྡོག་གཏོང་བ་དང་གཞུང་ལམ་དུམ་བུ་རེ་བཟོ་བཅོས་བྱས་ཏེ་མང་ཚོགས་ཚོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཧྲན་ཤིས་ལུའེ་ལེའང་ནི་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ཡི་གྲས་ཤིག་ཡིན་པ་དང་། གཞུང་ལམ་ནི་ས་གནས་དེ་གའི་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འཇུར་མིག་གཙོ་གྲས་ཤིག་ཡིན་པ་རེད།
         ལུའེ་ལེའང་གྲོང་ཁྱེར་ལིན་རྫོང་ཁྲེང་ཀྲོང་གྲོང་རྡལ་དབྱང་ཅ་ཀའུ་གྲོང་ཚོའི་གྲོང་མི་ཧན་ཁྲའོ་ཡིས“དེ་སྔ་རྫོང་གྲོང་བར་དུ་འདམ་རྫབ་ལམ་སྟེང་ཆུ་ཚོད་1ལྷག་ཙམ་འགོར་གྱི་ཡོད། གནམ་དྭངས་དུས་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་པ་བབས་དུས་འདམ་རྫབ་ཀྱིས་ཁེངས་ནས་འགྲོ་སྐྱོད་བདེ་པོ་མེད། ད་ཆ་སྐར་མ་20ཙམ་ལས་འགོར་གྱི་མེད། སྤྱི་སྤྱོད་རླངས་འཁོར་ཆུ་ཚོད་ཕྱེད་ཀ་རེར་ཐེངས་རེ་ཡོང་གི་ཡོད་པས་ཡུལ་མི་ཚོ་གྲོང་ཁྱེར་དུ་འགྲོ་འོང་བྱེད་པར་དཀའ་ལས་གང་ཡང་མེད”ཅེས་བཤད།
         གྲོང་གསེབ་ཀྱི་གཞུང་ལམ་གྱིས་ཞིང་པར་འབབ་འཕར་ཡོང་བ་བྱེད་པའི་ལམ་བུ་སྒོ་འགྲམ་བར་བཟོས་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གི་ལམ་བུ་སྒོ་འགྲམ་བར་བཟོས་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ལམ་བུ་སྒོ་འགྲམ་བར་བཟོས་པ་བཅས་རེད།
         2013ལོའི་ཟླ་11ཚེས་3ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅི་ཧྲོའུ་གྲོང་ཁྱེར་གྱི་ཨའེ་ཀྲའེ་གྲོང་ཚོའི་ཤིན་ཏུ་ཆེ་བའི་དཔྱངས་ཟམ་ལ་གཟིགས་ཞིབ་གནང་བར་ཕེབས་ཏེ་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཡི་ཉེ་དུས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ལྷག་དོན་དུ་གྲོང་གསེབ་ཀྱི་འགྲོ་ལམ་དྲ་བ་སྤྱིར་ཆགས་ཟིན་པ་མཁྱེན་རྟོགས་བྱུང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ས་ཁུལ་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་དང་འགྲིམ་འགྲུལ་ལེགས་སུ་གཏོང་བ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་ཡིན་པས་དེའི་ཐད་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་ལུགས་བཏོན་གནང་བ་རེད།
         གཞུང་ལམ་བསྐྲུན་པ་ལས་གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པར་གྱུར་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཡག་པོ་བྱེད་དགོས་ལ་དེ་བས་དོ་དམ་དང་། བདག་སྐྱོང་། གཉེར་སྐྱོང་བཅས་ཀྱང་ཡག་པོ་བྱེད་དགོས་པ།
         2018ལོའི་ཟླ་དང་པོའི་ཟླ་མཇུག་ཏུ། གྲང་ངར་ཆེ་བའི་དབྱི་མིང་རི་ཁྲོད་དུ་གསར་འགོད་པས་རླངས་འཁོར་བསྡད་དེ་གསར་དུ་བསྐྲུན་པའི་ཞིང་ཆེན་ལམ་234ཡི་ཧྲན་ཏུང་ལིན་དབྱི་ནས་ཐོན་ཏེ་བསྐྱོད་སྐབས་ལམ་འགྲམ་གྱི་ཆུ་བོ་དྭངས་ཤིང་རྒྱང་རིང་གི་རི་བོ་མོང་ཧྲན་བརྗིད་ཆགས་འགྱིང་ངེར་གནས་པ་མཐོང་བྱུང་། རླངས་འཁོར་དལ་གྱིས་གྱ་གྱུའི་རི་ལམ་སྟེང་སྐྱོད་སྐབས་འདྲེན་བྱེད་ཀྱི་ཡོལ་བའི་ངོས་སུ་ལྟ་བས་མི་ངོམས་པའི་ཁམ་སྡོང་དང་སེའུ་སྡོང་སོགས་འབྲས་ཤིང་སྣ་ཚོགས་འཆར་བ་མ་ཟད། སྐབས་འགར་ཧ་ཅང་གཟར་བའི་རི་ཟུར་དུ་སྐྱོད་སྐབས་ལམ་འགྲམ་དུ་ཨར་འདམ་ལས་གྲུབ་པའི་སྒྲོམ་སྐྱོར་སྣ་ཚོགས་རིག་རྒྱུ་འདུག
          “གྲོང་གསེབ་ཀྱི་རྣམ་པ་ལས་འགྱུར་ལྡོག་ཆེ་ཤོས་ནི་གྲོང་གསེབ་ཀྱི་གཞུང་ལམ་ཡིན་པ་དང་། ཆེས་མཛེས་ཤོས་ཀྱི་ཡུལ་ལྗོངས་ཀྱང་གྲོང་གསེབ་ཀྱི་གཞུང་ལམ་ཡིན་པ། ཞིང་པ་བློ་ཡིད་ཚིམ་ཤོས་ཀྱང་གྲོང་གསེབ་ཀྱི་གཞུང་ལམ་ཡིན་པ། སྲུང་སྐྱོང་བྱེད་མང་ཤོས་ཀྱི་སྤྱི་པའི་སྒྲིག་ཆས་ཀྱང་གྲོང་གསེབ་ཀྱི་གཞུང་ལམ་ཡིན་པ་རེད”ཅེས་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་འདི་ལྟར་བརྗོད།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་མཐོ་ཚད་ཐོག་ནས་གྲོང་གསེབ་ཏུ་གཞུང་ལམ་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་གྱི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་སྲིད་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཡག་པོ་བྱེད་དགོས་ལ་དེ་བས་དོ་དམ་དང་། བདག་སྐྱོང་། གཉེར་སྐྱོང་བཅས་ཀྱང་ཡག་པོ་བྱས་ཏེ་རྒྱ་ཆེའི་ཞིང་པ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་ཆེད་སྔར་ལས་ལྷག་པའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།
         “གཞུང་ལམ་ཤར་གཏོང་ཐུབ་ན་ང་ཚོའི་ཞིང་ལས་ཐོན་རྫས་ལ་གཞི་ནས་རིན་གོང་ཡག་པོ་ཞིག་རག་ཐུབ། ཏང་དང་སྲིད་གཞུང་གིས་དངུལ་མང་པོ་དེ་འདྲ་བཏང་ནས་བསྐྲུན་པའི་གཞུང་ལམ་ང་ཚོས་བདག་སྐྱོང་ཡག་པོ་བྱེད་དགོས”ཞེས་ད་ལོ་ལོ་77ལ་སླེབས་པའི་མཱ་ཆོན་ཧྥང་གིས་བཤད་པ་དང་། ཁོང་ནི་སི་ཁྲོན་རྔ་པ་ཀྲོའུ་བཙན་ལྷ་རྫོང་དབང་ཞིང་ཤང་བོར་རོམ་གྲོང་ཚོའི་གྲོང་མི་ཡིན་ཞིང་། ཁོང་གི་གཟུགས་པོ་ཐང་ཤ་དོད་པ་དང་། རྐང་པར་འཇུར་ཏ་རྫ་མདོག་ཅིག་གྱོན་ནས་ལག་ཏུ་ཕྱགས་མ་ཞིག་ཉར་ཡོད་པ་གསར་འགོད་པས་མཐོང་བྱུང་། མཱ་ཆོན་ཧྥང་གཞུང་ལམ་བདག་སྐྱོང་ལས་ལ་གཞོལ་ནས་ལོ་ལྔ་དྲུག་ཙམ་སོང་བས་གཞུང་ལམ་བདག་སྐྱོང་བྱེད་སེམས་ཆེན་པོ་ཡོད་པ་མ་ཟད། གཞུང་ལམ་སྟེང་རྡོ་ཆུང་ཆུང་ཞིག་མཐོང་འཕྲལ་ལམ་སེང་གཙང་ཕྱགས་བྱེད་ཀྱི་ཡོད།
         དབང་ཞིང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་དབྱང་མིན་གྱིས་གངས་ཆེན་པོ་བབས་པ་སོགས་ཀྱི་གནམ་གཤིས་ངན་པ་བསྟན་སྐབས་གྲོང་མིས་རང་འགུལ་ངང་མི་བཅུ་གྲངས་ནས་བརྒྱ་གྲངས་བར་སྒྲིག་འཛུགས་བྱས་ཏེ་གཞུང་ལམ་བདག་སྐྱོང་བྱེད་ཀྱི་ཡོད། ཡུལ་དེས་ད་དུང་འདུན་ཞུའི་ལམ་སྲོལ་དང་། ལྟ་སྐུལ་ལམ་སྲོལ། མ་དངུལ་ཐོ་འགོད་ལམ་སྲོལ་སོགས་གསར་གཏོད་བྱས་པ་བརྒྱུད་གྲོང་ཚོའི་གཞུང་ལམ་ལ་འགན་དབང་ཁག་བགོས་བྱས་པ་དང་། གྲོང་ཚོའི་ལམ་བུ་གྲོང་ཚོས་བདག་སྐྱོང་དང་། གྲོང་ཚོའི་ལམ་བུ་གྲོང་ཚོས་དོ་དམ། རྣམ་གྲངས་ཀྱི་འགན་འཁྲི་མི་ཐོག་ཏུ་འཁྱོལ་རྒྱུ་འཐུས་ཚང་བཅས་བྱས་ཏེ་བསྐྲུན་ཟིན་པའི་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་ཡག་པོ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད།
         རྔ་པ་ཀྲོའུ་བཙན་ལྷ་རྫོང་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ལུང་ཁུག་ཏུ་གནས་ཤིང་། གསར་འགོད་པ་དེ་གར་བཅར་འདྲིར་བསྐྱོད་སྐབས་ཡུལ་མི་སྤུན་ཟླ་ཚོས་སྐྲུན་པའི་རི་སྐེད་ཀྱི་རྒུན་འབྲུམ་ལྡུམ་ར་མཐོང་བྱུང་། རྒུན་འབྲུམ་བཏབ་པ་བརྒྱུད་ས་ཆུ་ཤོར་ཚབས་ཆུང་དུ་ཕྱིན་ནས་དེ་སྔའི་ཐང་རྒོད་རིམ་བཞིན་མཛེས་སྡུག་ལྡན་པའི་རྒུན་འབྲུམ་ལྡུམ་རར་གྱུར་པ་རེད།
         རྒུན་འབྲུམ་ལྡུམ་ར་ནས་རི་སྟེང་དུ་བསྐྱོད་སྐབས་ཡུལ་དེ་གའི་གྲོང་མིས་ཚད་ལྡན་ཅན་གྱི་འབྲི་གཡག་གསོ་ཚགས་ར་བ་བཙུགས་ཡོད་པ་དང་། རི་རྒྱབ་ཏུ་མུའུ་500ལྷག་ཟིན་པའི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་ཞིག་འདུག འབྲི་གཡག་གི་ལྕི་བ་རྣམས་སྐྱེ་ལྡན་ལུད་བྱས་ཏེ་རྒུན་འབྲུམ་སྡོང་པོར་རྒྱག་པ་དང་། རྒུན་འབྲུམ་ཨ་རག་བསྙལ་བའི་སྙིགས་རོ་རྣམས་འབྲི་གཡག་གི་གཟན་ཆག་བྱེད་ཀྱི་ཡོད། འབྲི་གཡག་གསོ་ཚགས་ནས་རྒུན་འབྲུམ་རྟེན་གཞི་བར་འཁོར་རྒྱུག་དཔལ་འབྱོར་གྱི་རྣམ་པ་ནུས་ལྡན་ཞིག་ཆགས་ཡོད།
         “ཡག་པོ་བཞིའི་གྲོང་གསེབ་ལམ་བུ”འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲོང་གསེབ་ཀྱི་གཞུང་ལམ་ལ་ཚད་མཐོའི་མཐོང་ཆེན་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཞིག་རེད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངོན་གསལ་དོད་པའི་མི་དམངས་ཀྱི་ལངས་ཕྱོགས་དང་ལྷག་བསམ་ཟོལ་མེད་ཀྱི་དམངས་ཕན་བརྩེ་བ་གྲོང་གསེབ་ཀྱི་གཞུང་ལམ་ཐོག་བཅངས་པའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་ཀྱང་རེད།
         མི་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞི་འཛིན་སར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པའི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”ལས་ཞིང་པ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཇེ་ཡངས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།