འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་རང་རྒྱལ་གྱི་ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མར་འཇོག་པའི་རྒྱ་ཁྱོན་མུའུ་ཁྲི་
    2400ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཞིང་ལས་པུས་འཚོགས་པའི་རྒྱལ་ཡོངས་ཀྱི་དཔྱིད་དུས་ཀྱི་ས་ཞིང་གཡོག་བྱེད་དང་དཔྱིད་རྨོད་དང་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་འདི་ལོའི་དཔྱིད་རྨོད་རྒྱུན་གཏན་དང་མི་འདྲ་བར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱས་ཏེ་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲུབ་ཆ་གནད་སྨིན་ངང་ལེགས་སུ་བཏང་ནས་ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མར་འཇོག་པའི་ཚོད་ལྟའི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་རེད།
         གནད་སྨིན་མཁོ་སྤྲོད་ལ་དམིགས་ཏེ་གྲུབ་ཆ་ལེགས་སྒྲིག་ཐད། འདི་ལོ་རང་རྒྱལ་གྱིས་བྱང་ཤར་རྒྱུད་ཀྱི་གྲང་ངར་ཆེ་བའི་ས་ཁུལ་གྱི་ཁྲོན་ཆུ་འབྲས་ཞིང་དུ་འདྲེན་པ་དང་ལྷོ་ཕྱོགས་ཀྱི་དུས་ཚིགས་གཉིས་ཀྱི་ཆུ་འབྲས་ཐོན་ཁུལ་གྱི་ཞན་ཏའོ་ཆུ་འབྲས་མུའུ་ཁྲི་1000ཡན་འདེབས་ཉུང་དུ་གཏོང་རྒྱུ་དང་འབྲེལ“ཟོར་དབྱིབས་ཁུལ”སོགས་ལེགས་ལྡན་མིན་པའི་ཁུལ་གྱི་མ་རྨོས་ལོ་ཏོག་མུ་མཐུད་འདེབས་ཉུང་དུ་གཏོང་རྒྱུ་རེད། ཞིང་བརྟེན་འབྲུ་གསོག་ཐད་ཞིང་ཁ་མུའུ་ཁྲི་2400ཡི་ལོ་ཏོག་འདེབས་རེས་དང་རྨོ་ཞིང་དབྱར་མར་འཇོག་པའི་ལས་འགན་རིམ་པ་བཞིན་རྫོང་དང་ཤང་དང་། དུད་ཚང་དང་ཞིང་ཁར་ཁག་བགོས་བྱས་ཏེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིན་འགན་འཁྲིའི་ཡི་གེ་བཞག་པ་དང་ཚོད་ལྟའི་ཁུལ་གྱི་ཞིང་དུད་དང་ལོ་ཏོག་འདེབས་རེས་དང་རྨོ་ཞིང་དབྱར་མར་འཇོག་པའི་གྲོས་མཐུན་བཞག་ནས་འགན་འཁྲི་དོན་འཁྱོལ་དང་ལས་འགན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
         འདི་ལོའི་དཔྱིད་རྨོད་ཐོན་སྐྱེད་ཐད་ཞིང་ལས་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་མཉམ་བསྲེས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞིང་། གྲུབ་ཆ་ལེགས་སྒྲིག་གི་དགོས་མཁོར་གཞིགས་ཏེ་འཕྲུལ་ཆས་ཡོ་བྱད་ལེ་ལག་ཆ་སྒྲིག་ཡག་པོ་བྱེད་པ་དང་། ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་ལས་སྒྲོལ་བའི་ལས་སྒྲུབ་བྱེད་པ། རྨོ་འདེབས་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ནས་ས་བོན་འདེབས་པའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་མ་ཟད། ད་དུང་ཐབས་བརྒྱ་ཇུས་སྟོང་ངང་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་རྒྱུ་རེད། འདི་ལོའི་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་གོང་ཚད་འཕར་ཚད་མཐོ་བའི་གནས་ཚུལ་ལ་དམིགས་ཏེ་ས་བོན་དང་། རྫས་ལུད། ཞིང་སྨན་སོགས་གྲབས་གསོག་དང་སྐྱེལ་འདྲེན་ལས་དོན་ཡག་པོ་སྤེལ་ནས་དཔྱིད་རྨོད་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་རེད།
         ཞིང་ལས་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གཞིར་བཟུང་། འདི་ལོའི་དཔྱིད་དུས་ཀྱི་ས་ཞིང་གཡོག་བྱེད་ཀྱི་བླང་བྱ་མཐོ་བ་དང་ལས་འགན་ལྕི་པོ་ཡོད་པས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་སྐུལ་འདེད་ཤུགས་ཆེན་བཏང་སྟེ“འགོ་འཛུགས་ལམ་ལྷོངས”ཡོང་བའི་འགན་ལེན་བྱེད་དགོས། སྔ་ཙམ་ནས་སྐུལ་སློང་བཀོད་སྒྲིག་བྱས་ཏེ་ཞིང་པ་སྔ་ཙམ་ཞིང་ནང་དུ་སྐྱོད་པ་དང་སྔ་ཙམ་ཞིང་ནང་གཡོག་བྱེད་བྱ་རྒྱུར་སྐུལ་སློང་བྱས་ནས་དཔྱིད་དུས་ཀྱི་ཞིང་ནང་གཡོག་བྱེད་ཀྱི་ཚ་རླབས་མགྱོགས་མྱུར་འཕྱུར་བ་བྱེད་དགོས། གནད་སྨིན་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཡུལ་བབ་དང་། མྱུ་གུ། སེར་ལངས་ཚུལ་བཅས་ལ་བསྟུན་ནས་རིགས་དབྱེའི་མཛུབ་ཁྲིད་བྱེད་པ་དང་། འགག་རྩའི་བྱེད་ཐབས་དོན་འཁྱོལ་བྱེད་པ། མྱུ་གུ་སྐྱེ་ཚུལ་ལེགས་གཏོང་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལོ་ལེགས་ཡོང་བའི་སྒྲོམ་གཞི་ཡག་པོ་སྐྲུན་དགོས། དཔེ་སྟོན་སྣེ་ཁྲིད་ལ་མཐོང་ཆེན་བྱས་ཏེ་ལྗང་མདོག་དང་སྤུས་ཚད་དང་ལས་ཕྱོད་མཐོ་བའི་གསར་གཏོད་ཤུགས་ཆེན་བྱས་ནས་གཉེར་སྐྱོང་བྱེད་པོ་གསར་པ་དང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་རྩ་འཛུགས་འདེགས་སྐྱོར་དང་སྐྱེད་སྲིང་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་གེགས་འགོག་བྱ་རྒྱུར་སྐུལ་འདེད་བཏང་སྟེ“ལཱ་ཉི་ནཱ”གནམ་གཤིས་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་དཔྱིད་གྲང་དང་དཔྱིད་ཐན་སོགས་གནམ་གཤིས་ཀྱི་གནོད་འཚེར་གཙོ་གནད་ཐོག་དོགས་ཟོན་བྱས་ནས་གྲོ་སྙེའི་བཙའ་ནད་དང་སྐྱེ་དངོས་གནོད་འབུ་སོགས་ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ་བཅས་རེད།
         འདི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་ཡིན་པས་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བ་དང་ཞིང་ལས་བརྟན་སྲུང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།