འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཕུག་འདྲུའི་བྱ་ཐབས་ཀྱི་འབྲེལ་གཏུག་བགྲོད་ལམ་ལག་རྩལ་ས་འོག་ལྕགས་ལམ་
    བསྐྲུན་རྒྱུའི་ནང་སྤྱད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་3ཉིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱི་ཕུག་འདྲུའི་བྱ་ཐབས་ཀྱི་འབྲེལ་གཏུག་བགྲོད་ལམ་ལག་རྩལ་ས་འོག་ལྕགས་ལམ་བསྐྲུན་པའི་ནང་ཐེངས་དང་པོར་གྲུབ་འབྲས་ཐོབ་པའི་ངང་སྤྱད་ཡོད་པ་རེད། ལག་རྩལ་གསར་པ་དེ་ནི་ས་འོག་ལས་གྲྭ་ཚང་མ་འཕྲུལ་ཆས་ཅན་དང་ཕུག་འདྲུའི་ལས་གྲྭ་ཚང་མ་བརྒྱུད་རིམ་ཅན་དུ་འགྱུར་བ་བྱེད་པའི་ཐད་འགག་རྩའི་གོམ་སྟབས་ཤིག་སྤོས་ཡོད། དེ་འགྲིམ་འགྲུལ་དང་། གྲོང་ཁྱེར་ལས་དོན། ཆུ་བེད་ཕུག་ལམ་སྦྲེལ་མཐུད་ལས་གྲྭ་བཅས་ཚུད་པའི་ས་འོག་ལས་གྲྭ་ཚང་མ་འཕེལ་རྒྱས་འགྲོ་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཕུག་འདྲུའི་བྱ་ཐབས་ཀྱི་འབྲེལ་གཏུག་བགྲོད་ལམ་ལག་རྩལ་དེ་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཀྱིས་སྒྲིག་འཛུགས་བྱས་པ་ཞིག་ཡིན་པ་དང་། དེ་གྲུབ་འབྲས་ཐོབ་པའི་ངང་ཉིང་པོའི་ས་འོག་ལྕགས་ལམ་ཨང་3པའི་ཕུག་ལམ་འཛུགས་སྐྲུན་ཐད་སྤྱད་ཡོད་པ་རེད། ཁུལ་དེའི་དབར་གྱི་འབྲེལ་གཏུག་བགྲོད་ལམ་རིང་ཚད་ཁྱོན་སྨི་17ཟིན་པ་དང་། དེ་ནི་རྒྱལ་ནང་དུ་ཤར་བགྲོད་ཐུབ་པའི་ཕུག་འདྲུའི་འབྲེལ་གཏུག་བགྲོད་ལམ་དང་པོ་དེ་ཡིན་པ་དང་དུས་མཚུངས་འཛམ་གླིང་ཐོག་ཕུག་འདྲུའི་བྱ་ཐབས་སྤྱད་དེ་བསྐྲུན་པའི་འཁོར་ལམ་འགྲིམ་འགྲུལ་གྱི་འབྲེལ་གཏུག་བགྲོད་ལམ་དང་པོ་དེ་ཡང་ཡིན་པ་རེད།
          ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཀྱི་རྣམ་གྲངས་དེའི་འགན་ཁུར་བ་ཀའོ་ཁུན་ཧྥེང་གིས་ས་འོག་ལྕགས་ལམ་འབྲེལ་གཏུག་བྱ་ཐབས་ཀྱི་བགྲོད་ལམ་བསྐྲུན་རྒྱུ་ནི“ཕུག་ཁྲོད་ཕུག་ལམ་འབིགས་པ”ཞིག་དང་ལས་ཀ་བྱེད་རྒྱ་ཆུང་བས་འཕྲུལ་ཆས་དང་སྒྲིག་ཆས་ཆེ་གྲས་སྤྱོད་རྒྱུ་སྟབས་བདེ་མེད། དེར་བརྟེན་མིག་སྔར་རྒྱལ་ནང་དུ་ས་འོག་ལྕགས་ལམ་གྱི་འབྲེལ་གཏུག་བགྲོད་ལམ་བསྐྲུན་པའི་ཐད་འཁྱགས་གཏོང་བྱ་ཐབས་དང་གཏེར་རི་སྔོག་འདོན་བྱ་ཐབས་ཀྱི་ལག་རྩལ་སྤྱོད་ཀྱི་ཡོད། ཡིན་ནའང་བྱ་ཐབས་དེ་དག་གི་ཨར་ལས་རིན་གོང་ཆེ་བ་དང་། ལས་ཡུན་རིང་བ། ཉེན་ཁ་ཆེ་བ་བཅས་ཡོད། ཕུག་འདྲུའི་བྱ་ཐབས་ཀྱི་འབྲེལ་གཏུག་བགྲོད་ལམ་ལག་རྩལ་སྤྱད་ཚུན་དེ་སྔ་ཉིན་100ལྷག་ཙམ་འགོར་བའི་ཕུག་ལམ་བསྐྲུན་རྒྱུ་ད་ཆ་ཉིན་30ཙམ་ལས་འགོར་གྱི་མེད་ལ་ཕུག་འདྲུའི་བྱ་ཐབས་དེས་སྤྱིར་ན་བབ་དིང་གི་གནས་ཚུལ་གཅིག་ཀྱང་མི་ཐོན་པ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ལས་རིགས་གཅིག་པའི་མི་སྣས་མིག་སྔར་རྒྱལ་ཡོངས་སུ་སྐྲུན་བཞིན་པའི་ས་འོག་ལྕགས་ལམ་གྱི་ལམ་ཐག་རིང་ཚད་སྤྱི་ལེ་5600ལྷག་ཙམ་ཟིན་པས་བསྐྲུན་རྩིས་ཡོད་པའི་འབྲེལ་གཏུག་བྱ་ཐབས་ཀྱི་བགྲོད་ལམ་གྱི་གྲངས་འབོར་ཧ་ཅང་ཆེན་པོ་ཡོད། ཕུག་འདྲུའི་བྱ་ཐབས་ཀྱི་འབྲེག་གཏུག་བགྲོད་ལམ་ལག་རྩལ་གྱིས་སྲོལ་རྒྱུན་གྱི་སྐྲུན་ཐབས་ཀྱི་ཉེན་ཁ་སྣ་ཚོགས་ལས་ཟུར་བྱོལ་ནུས་ལྡན་ཐུབ་རྒྱུ་རེད། དེ་ནི་ས་འོག་ལྕགས་ལམ་བཟོ་རྩལ་གྱི་འཕེལ་ཕྱོགས་ཤིག་ཡིན་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།