འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ“རྒྱལ་སྤྱིའི་འདམ་ར་གཙོ་བོ”57ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མིག་སྔར་རང་རྒྱལ་དུ་གསར་དུ་བསྐྲུན་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་602དང་། རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཚོད་ལྟའི་ས་ཚིགས་898 “རྒྱལ་སྤྱིའི་འདམ་ར་གཙོ་བོ”57བཅས་ཡོད་པས་འདམ་ར་སྲུང་སྐྱོང་བྱེད་ཚད་49.03%ཟིན་ཡོད། ཚེས་2ཉིན་ནི“འཛམ་གླིང་གི་འདམ་རའི་ཉིན་མོ”ཨང་22པ་ཡིན་པ་དང་འདི་ལོ“འཛམ་གླིང་གི་འདམ་རའི་ཉིན་མོའི”ཀྲུང་གོའི་ཚོགས་ར་གཙོ་བོ་ཀོང་ཀྲོའུ་ཧའེ་ཀྲུའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་འཚོགས་པ་རེད། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་དེ་གར་ཆ་འཕྲིན་དེ་ཡོངས་བསྒྲགས་བྱས་པ་རེད།
         ཧའེ་ཀྲུའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཤིན་ཀྲུང་ཀྲུའུ་ཡི་ལྷོ་སྣེར་ཆགས་པ་དང་དེ་ཨ་རིའི་ཉིའུ་གཡོད་ལྟེ་བའི་སྤྱི་གླིང་ལས་ལྡབ་3གྱིས་ཆེ་བ་དང་ཀོང་ཀྲོའུ་ཡི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་ཏེ། ཀོང་ཀྲོའུ་མཐོ་ལྕོག་དང་བར་ཐག་སྤྱི་ལེ་3ལས་མེད། གཙང་པོ་39དེའི་ནང་བཞུར་ནས་གྲོང་ཁྱེར་གྱི་ལྟེ་གནས་སུ་ལྗང་མདོག་གི་རང་བྱུང་སྲུང་ཡོལ་ཞིག་ཏུ་གྱུར་ཡོད།
         རྒྱལ་ཁབ་ནགས་ལས་ཅུས་འདམ་ར་སྲུང་སྐྱོང་དོ་དམ་ལྟེ་གནས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་པའོ་ཏ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱུན་དུ་འདམ་ར་ནི་སྐམ་ས་དང་ཆུ་ཁོངས་ཀྱི་འབྲེལ་མཚམས་ལ་ཟེར་ཞིང་། ཀྲུང་གོར་འདམ་རའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འདམ་རས་ཆུ་ལོག་ཚོད་འཛིན་དང་། ཆུ་ཁུངས་མཁོ་འདོན། སྙིགས་རྫས་ཐག་གཅོད། ལྗང་མདོག་བར་མཐོངས། འཚོ་རྟེན་སོགས་ཀྱི་ནུས་པ་མང་པོ་ལྡན་ཡོད། དེ་ནི་གྲོང་ཁྱེར་གྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་གལ་ཆེན་ཞིག་ཡིན་པ་དང་གྲོང་ཁྱེར་གྱི་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རིམ་གྱིས་ཆགས་པས་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་དང་གྲོང་རྡལ་ལ་ཆ་རྐྱེན་བཏོད་དང་གཏོད་བཞིན་ཡོད།
          འདི་ལོའི“འཛམ་གླིང་གི་འདམ་རའི་ཉི་མོ”ཡི་བརྗོད་དོན་གཙོ་བོ་ནི“འདམ་ར། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འབྱུང་འགྱུར”ཞེས་པ་དེ་རེད། རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཁྲུན་ལེང་གིས་བརྗོད་དོན་གཙོ་བོ་དེར་འདམ་རས་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་ཁྲོད་གནས་བབ་གལ་ཆེན་བཟུང་བ་གསལ་པོ་བསྟན་ཡོད། གྲོང་ཁྱེར་གྱི་འདམ་རས་ཆུ་ལོག་འགོག་པར་ཕན་པ་དང་ད་དུང་འཚོ་བ་དང་བཟོ་ལས་ཀྱི་བཙོག་ཆུ་གཙང་གསིང་ཐུབ་ནས་ཆུ་སྤུས་ལེགས་སུ་འགྲོ་བ་དང་ཆབས་ཅིག་འདམ་ར་ནི་གྲོང་ཁྱེར་གྱི་སྔོ་ས་ཞིག་ཀྱང་ཡིན་པས་མི་རྣམས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་འགྲོ་བར་ཕན་པ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།