འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ་ཁྲི་3སླར་ཡང་བསྐྲུན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོར་སླེབས་སྐབས་རང་རྒྱལ་གྱིས་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ་ཁྲི་3སླར་ཡང་བསྐྲུན་རྒྱུ་ཡིན་པ་རེད།
         སློབ་གསོ་པུའི་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏེང་ཧྥུང་གིས་ཚེས་1ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར། 2015ལོ་ནས་བཟུང་རྒྱལ་ཡོངས་སུ་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ་20218ཡོད་པ་དང་སློབ་གྲྭ་ཚང་མས་གཟའ་འཁོར་རེར་སློབ་མ་ཡོངས་ལ་ཕྱོགས་ནས་ཚོགས་དུས་གཅིག་རིང་རྐང་རྩེད་སྤོ་ལོའི་སློབ་ཚན་འཚོགས་ཏེ་སློབ་གསེང་གི་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་དང་སློབ་གྲྭའི་ནང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་ཆུ་ཚད་མཐོ་བའི་རྐང་རྩེད་སྤོ་ལོའི་རུ་ཁག་བསྡུ་བའི་མཐོ་སློབ་དེ་སྔའི་77ནས་ད་ཆའི་152བར་འཕར་ནས་འཕར་ཚད་100%ལས་བརྒལ་ཡོད་པ་རེད། སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་། སློབ་ཆེན་བཅས་རིམ་བཞིའི་མཉམ་འབྲེལ་འགྲན་བསྡུར་ལ་ཞུགས་མཁན་སློབ་མ་ཁྱོན་མི་ཐེངས་ཁྲི་1004.08ཟིན་པ་དང་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དགུན་སྒར་ལ་ཞུགས་མཁན་ཁྱོན་སློབ་མ་15564ཡོད་པ་རེད།
         ཝང་ཏེང་ཧྥུང་གིས། གོམ་སྟབས་རྗེས་མར་རྐང་རྩེད་སྤོ་ལོའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་སྤུས་ཚད་མཐོ་རུ་གཏོང་དགོས། སློབ་ཁྲིད་གསོ་སྦྱོང་དང་དགེ་རྒན་གསོ་སྐྱོང་གི་འབྲེལ་ཡོད་ཚད་གཞི་བཟོས་ནས་སློབ་ཁྲིད་ལས་དོན་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག་རྩལ་འཁྲིད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲན་བསྡུར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་དང་། འབྱུང་འགྱུར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་ལུས་རྩལ་པའི་ཨང་རིམ་གྱི་ཞིབ་དཔྱད་གཏན་འཁེལ་སྦྲེལ་མཐུད་བྱ་རྒྱུ་རེད། གཞན་ཡང་2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་གཏན་འཁེལ་བྱས་པའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭར་རེས་སྐོར་གསར་པའི་ལྟ་བཤེར་བྱས་ནས་ཚད་གཞི་མ་ལོན་པའི་སློབ་གྲྭའི་བྱང་བུ་མཐའ་གཅིག་ཏུ་མེད་པ་བཟོ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།