འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་པུའུ་ཡིས་2016ལོ་ནས་2017ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་རིག་གནས་
    ཁྲོམ་རའི་གྱོད་གཞི་ཆེན་པོ་བཅུ་ཡོངས་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རིག་གནས་པུས་2016ལོ་ནས་2017ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་རིག་གནས་ཁྲོམ་རའི་གྱོད་གཞི་ཆེན་པོ་བཅུ་ཡོངས་བསྒྲགས་བྱས་པ་དང་དྲ་ཐོག་འཁྲབ་སྟོན་དང་། དྲ་རྒྱའི་རོལ་རྩེད། དྲ་རྒྱའི་འགུལ་བརྙན་སོགས་དྲ་རྒྱའི་རིག་གནས་ཁྱབ་ཁོངས་ཀྱི་གྱོད་གཞིས་ཕྱེད་ཀ་ཙམ་བཟུང་ཡོད་པ་རེད།
         2017ལོར་རིག་གནས་པུས་དྲ་རྒྱའི་རོལ་རྩེད་དང་། དྲ་ཐོག་འཁྲབ་སྟོན། དྲ་རྒྱའི་འགུལ་བརྙན་སོགས་ཀྱི་ཁྲོམ་ར་གཙོ་གནད་དུ་བྱས་ཏེ་སྔ་རྗེས་སུ་ཁྲིམས་འགལ་དྲ་སྦྲེལ་རིག་གནས་གཉེར་སྐྱོང་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས་པའི་མིང་ཐོ་ཁག་ཐེངས་16ཡོངས་བསྒྲགས་བྱས་ཤིང་། རིམ་ཁག་རིག་གནས་སྲིད་འཛིན་སྡེ་ཚན་དང་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞིས་ཁྲིམས་འཛིན་ཞིབ་བཤེར་དང་གྱོད་གཞི་བདག་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་གནས་ཁྲོམ་རའི་གྱོད་གཞི་གལ་ཆེན་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱས་པས། ཁྲིམས་འགལ་སྒྲིག་འགལ་གྱི་རིག་གནས་ཁྲོམ་ར་གཉེར་སྐྱོང་གི་བྱེད་སྤྱོད་བཀག་འགོག་ནུས་ལྡན་ཐུབ་པ་དང་། རིག་གནས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་ཕྱིན་ནས་རིག་གནས་ཁྲོམ་རའི་ཁོར་ཡུག་ཡག་པོ་ཆགས་པ་རེད།
         ད་ཐེངས་ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་རིག་གནས་ཁྲོམ་རའི་གྱོད་གཞི་ཆེན་པོ་བཅུའི་ཁྲོད་ཕུའུ་དབྱང་གྲོང་ཁྱེར་ཤིན་དབྱི་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་ནང་དོན་བཀག་སྡོམ་བྱས་པའི་དྲ་ཐོག་འཁྲབ་སྟོན་མཁོ་འདོན་བྱས་པའི་གྱོད་གཞི་དང་། ཁུའེ་ལེ་ཏེ་ཏའེ་(པེ་ཅིང)དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སིས་ནང་དོན་བཀག་སྡོམ་བྱས་པའི་དྲ་ཐོག་འཁྲབ་སྟོན་མཁོ་འདོན་བྱས་པའི་གྱོད་གཞི། སི་ཁྲོན་ཨའེ་ཧྲང་ཧྥེ་དབྱང་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སིས་ནང་དོན་བཀག་སྡོམ་བྱས་པའི་དྲ་རྒྱའི་རོལ་རྩེད་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱས་པའི་གྱོད་གཞི། ཅེ་ཧྲི་(ཐེན་ཅིན)རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་ནང་དོན་བཀག་སྡོམ་བྱས་པའི་དྲ་རྒྱའི་འགུལ་བརྙན་མཁོ་འདོན་བྱས་པའི་གྱོད་གཞི། ཧྲང་ཧའེ་ཅུས་ཆི་དྲ་རྒྱ་ཚན་རྩལ་ཀུང་སིས་རང་དགར་གཉེར་སྐྱོང་རང་བཞིན་གྱི་འཁྲབ་སྟོན་གཉེར་སྐྱོང་བྱེད་སྒོ་སྤེལ་བའི་གྱོད་གཞི། ཧོ་ཧྥེ་ཧྥུང་ཡུས་རིག་གནས་བར་འབྲེལ་ཚད་ཡོད་ཀུང་སིས་སྐད་གདངས་རྫུན་མའི་གཡོ་ཐབས་ལ་བརྟེན་ནས་ལྟད་མོ་བར་མགོ་སྐོར་བཏང་བའི་གྱོད་གཞི། ཅིང་ཀྲུང་ཧུའེ་ཐེང་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་སིས་རང་དགར་རིག་གནས་སྲུང་སྐྱོང་ཚན་པའི་སྲུང་སྐྱོང་ཁྱབ་ཁོངས་ནང་སྔོག་འདོན་ལས་སྒྲུབ་བྱས་པའི་གྱོད་གཞི། ཕན་ཆེ་གེ་མོ་སོགས་མི་12ཀྱིས་ཆགས་སྲེད་དངོས་རྫས་བར་ཚོང་བརྒྱབ་ནས་ཁེ་ཕན་དོན་གཉེར་བྱས་པའི་གྱོད་གཞི། ནན་ཐུང་ཅིན་ཆའོ་ཚོན་ལྡན་པར་འདེབས་ཚད་ཡོད་ཀུང་སིས་རང་དགར་པར་སྐྲུན་དངོས་པོ་དཔེ་སྐྲུན་ཚོང་གཉེར་བྱས་པའི་གྱོད་གཞི། ལི་ཆེ་གེ་མོས་བརྩམས་ཆོས་བདག་དབང་ལ་གནོད་འཚེ་བཏང་སྟེ་ཆགས་སྲེད་དངོས་རྫས་བར་ཚོང་བརྒྱབ་ནས་ཁེ་ཕན་དོན་གཉེར་བྱས་པའི་གྱོད་གཞི་སོགས་ཚུད་ཡོད་པ་རེད།
         གསར་འགོད་པར་ཤེས་རྟོགས་བྱུང་གསལ། རིག་གནས་པུས་རྒྱལ་ཡོངས་རིག་གནས་ཁྲོམ་རའི་གྱོད་གཞི་བདག་སྤྲོད་བྱས་ཚུལ་དང་གྱོད་གཞིའི་ཁྱད་ཆོས་ལ་གཞིགས་ཏེ་ཁྲིམས་འཛིན་གཙོ་གནད་དང་། ཁྲིམས་འགལ་གནས་ཚུལ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་2016ལོ་ནས་2017ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་རིག་གནས་ཁྲོམ་རའི་གྱོད་གཞི་ཆེན་པོ་བཅུ་དང་གྱོད་གཞི་ཚབས་ཆེན་103བདམས་པ་དེ་དག་རོལ་རྩེད་དང་། འཁྲབ་སྟོན། སྒྱུ་རྩལ་བརྩམས་ཆོས། དྲ་ཐོག་ཞབས་ཞུ། དྲ་ཐོག་འཁྲབ་སྟོན། དྲ་རྒྱའི་རོལ་རྩེད། རིག་དངོས། རླུང་འཕྲིན་བརྙན་འཕྲིན། དྲ་སྦྲེལ་ལྟ་ཉན། པར་སྐྲུན་ཡིག་རིགས་སོགས་དང་འབྲེལ་བ་ཡོད་པ་རེད།
         རིག་གནས་པུའི་མཛུབ་ཁྲིད་འོག་ས་ཆ་ཁག་གི་རིག་གནས་སྲིད་འཛིན་སྡེ་ཚན་དང་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞིས་དྲ་རྒྱའི་རིག་གནས་ཁྲོམ་ར་གཙང་བཤེར་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ནང་བཀག་སྡོམ་བཀའ་རྒྱ་བཏང་བའི་དྲ་རྒྱའི་རིག་གནས་ཐོན་རྫས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། 2017ལོར་རིག་གནས་པུས་དྲ་ཐོག་འཁྲབ་སྟོན་གཉེར་སྐྱོང་ཚན་པ་གཙོ་བོ་100ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ནང་དོན་སྒྲིག་ཁྲིམས་ལས་འགལ་བའི་དྲ་ཐོག་འཁྲབ་སྟོན་གཉེར་སྐྱོང་ཚན་པ་45ལ་ཆད་པ་བཅད་པ་དང་ལག་ཐོགས་ཁ་པར་གྱི་ཐད་གཏོང་མཁོ་ཆས་11386ལ་གྲལ་བཤེར་བྱས་ཐོག་དྲ་སྦྲེལ་མཁོ་ཆས་ཚོང་ཁང་གི་མཁོ་ཆས་3653མེད་པར་བཟོས་པས་དྲ་ཐོག་འཁྲབ་སྟོན་ཁྱབ་ཁོངས་ཀྱི་མ་རབས་ཐ་མལ་གྱི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་པ་དང་། དྲ་རྒྱའི་རོལ་རྩེད་ལ་བཀག་སྡོམ་བྱས་པའི་ནང་དོན་ལྡན་པ་དང་དྲ་རྒྱའི་རོལ་རྩེད་དྲིལ་བསྒྲགས་ཁྱབ་གདལ་གཏོང་སྐབས་བཀག་སྡོམ་བྱས་པའི་ནང་དོན་ལྡན་པ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་དྲ་རྒྱའི་རོལ་རྩེད་གཉེར་སྐྱོང་ཚན་པ་41ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་ལག་ཐོགས་ཁ་པར་གྱི་རོལ་རྩེད་ཐོན་རྫས་གཙོ་བོ་50ལ་གཅིག་སྡུད་ཞིབ་བཤེར་བྱས་པས་དྲ་རྒྱའི་རོལ་རྩེད་ཁྲོམ་རའི་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།