འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་ཧུའེ་ཡིས"རིག་ལྡན་སློབ་གྲྭ"སྐྲུན་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། ཨན་ཧུའེ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་རིག་ལྡན་སློབ་གྲྭ་བསྐྲུན་ཡུལ་གྱི་སྐུལ་གཏོང་ཚོགས་འདུ་ལེའུ་ཨན་ཅིན་ཀྲའེ་རྫོང་ཐུང་ཤིན་སློབ་ཆུང་དུ་འཚོགས་ཤིང་། རིག་ལྡན་སློབ་གྲྭ་ཁག་དང་པོ་38ལ་སྒོ་བྱང་དངོས་སུ་བཀལ་བ་རེད།
         “རིག་ལྡན་སློབ་གྲྭ”ནི་དགེ་སློབ་ལ་ཕྱོགས་པའི་ཁྱད་ཆོས་ཅན་གྱི་ཞབས་ཞུའི་འདུ་ཤེས་ལ་བརྟེན་ནས་སྤྲིན་ཚོམ་རྩིས་རྒྱག་དང་། ཟོག་འདྲེན་དྲ་བ། གྲངས་གཞི་ཆེ་མོ་སོགས་གསར་དར་ཆ་འཕྲིན་ལག་རྩལ་ཕྱོགས་བསྡུས་ཐོག་སྤྱད་དེ་སློབ་གྲྭའི་རྣམ་པ་གཙོ་བོ་དང་སློབ་གསོ་སློབ་ཁྲིད་ཀྱི་འགག་རྩའི་ལྷུ་ཚིགས་འབྲེལ་འདྲིས་གཏིང་ཟབ་ཐུབ་པ་བྱེད་པའི་སློབ་གྲྭའི་སྣོད་བཅུད་མ་ལག་གསར་པ་ཞིག་རེད། སློབ་གསོ་ཆ་འཕྲིན་ཅན་གྱི་ཚོད་ལྟའི་ཞིང་ཆེན་གྱི་རིམ་སྤོར་རྣམ་པ་ཞིག་ཡིན་པའི་ངོས་ནས་ཨན་ཧུའེ་ཡིས་རིག་ལྡན་སློབ་གྲྭ་འཛུགས་སྐྲུན་བྱ་རྒྱུ་འཚོལ་ཞིབ་བྱས་ནས་སློབ་གྲྭ་འབྲིང་ཆུང་300ལྷག་ཙམ་རིག་ལྡན་སློབ་གྲྭར་བསྐྲུན་པའི་ལོ་འཁོར་གྱི་སྤྱིའི་དམིགས་ཚད་ཕྱོགས་ཡོངས་ནས་བཏོན་པ་རེད། 2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་50%ཡན་རིག་ལྡན་སློབ་གྲྭའི་ནང་ཚུད་རྒྱུ་དང་2022ལོར་སླེབས་སྐབས་ཞིང་ཆེན་ཧྲིལ་པོར་ཁྱབ་རྒྱུ་རེད།
         ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་གྱིས་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་53བཏང་ནས་དྲ་ཐོག་ཏུ་སྤྱོད་པའི་སློབ་ཚན་སློབ་ཁྲིད་ས་ཚིགས་ཚང་མར་ཁྱབ་ཐུབ་པ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སློབ་ཁྲིད་ས་ཚིགས་4900རུ་ཚོགས་ཐེངས་ཁྲི་36.67འཚོགས་ཐུབ་པ་བྱས་པ་དེ་རོལ་དབྱངས་དང་། མཛེས་རྩལ། དབྱིན་ཡིག ཆ་འཕྲིན་ལག་རྩལ། བསམ་བློ་ཀུན་སྤྱོད་སོགས་སློབ་ཚན་8ལ་ཁྱབ་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་33ལ་ཕན་པ་ཐོབ་ཡོད་པ་རེད།
        ཨན་ཧུའེ་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་ལི་ཧོ་ཕིང་གིས་རིག་ལྡན་སློབ་གྲྭ་བསྐྲུན་པ་བརྒྱུད། ཨན་ཧུའེ་ཞིང་ཆེན་གྱིས་སློབ་གསོ་སྒྱུར་བཅོས་ལ་སྔར་བས་སྐུལ་མ་གཏིང་ཟབ་ཐེབས་ཏེ་ཕྲུ་གུ་ཚང་མས་འདྲ་མཉམ་དང་སྤུས་ལེགས་ཀྱི་སློབ་གསོ་དང་ལེན་ཐུབ་པ་དང་མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་གཉེར་རྒྱུར་ཕན་པ་ཐོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།