འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ས་ཆ་གྲོན་ཆུང་བྱས་ནས་སྣོད་བཅུད་དུར་འཇུག་ཁྱབ་གདལ་བཏང་བ།

    ཁ་གསབ་མཐོ་ཤོས་སྒོར་3000ཐོབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། དུར་འཇུག་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་དུར་འཇུག་དེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ཡོང་བའི་འཆར་འགོད་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྲིད་གཞུང་གིས་ནོར་སྲིད་བྱ་དགའི་ཁ་གསབ་སྤྲོད་པའི་བྱེད་སྟངས་བརྒྱུད་རྒྱ་ཆེའི་མང་ཚོགས་ཚོར་ལྗང་མདོག་དུར་འཇུག་ལག་ལེན་བསྟར་ནས་ས་ཆ་མི་བཟུང་བའམ་ཡང་ན་ཉུང་ཙམ་བཟུང་བ་དང་། ཐོན་ཁུངས་བེད་སྤྱོད་ཉུང་ཙམ་བྱེད་པ། རུལ་བ་དང་ཞུ་མི་ཐུབ་པའི་རྒྱུ་ཆ་བེད་སྤྱོད་ཉུང་ཙམ་བྱེད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་པུར་ཐལ་དུར་འཇུག་ལ་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱས་ཡོད་པ་རེད།
    མཚོ་སྔོན་ཞིང་ཆེན་གྱིས་ཉེ་ཆར་བཏོན་པའི་《མཚོ་སྔོན་ཞིང་ཆེན་གྱི་ས་ཆ་གྲོན་ཆུང་གིས་སྣོད་བཅུད་དུར་འཇུག་ལ་བྱ་དགའི་ཁ་གསབ་སྤྲོད་པའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》གཞིར་བཟུང་    ཞིང་ཆེན་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མྱ་ངན་ཞུ་མཁན་གྲོང་མིས་ཞིབ་དཔྱད་གཏན་འཁེལ་བྱས་པའི་སྣོད་བཅུད་ཀྱི་སྤྱི་པའི་བང་སོའི་ཁུལ་གྱི་ཁྱབ་ཁོངས་ནང་པུར་ཐལ་གཏོར་བ་དང་པུར་ཐལ་སྣོད་ཆས་ནང་མི་འཇུག་པའམ་ཡང་ན་རུལ་དང་ཞུ་ཐུབ་པའི་པུར་ཐལ་སྣོད་ཆས་བེད་སྤྱོད་བྱས་ཏེ་ས་འོག་ཏུ་སྦས་པས་ས་མཁྲེགས་པོ་མི་ཆགས་པ་དང་། དུར་ཕུང་མི་མངོན་པ། བང་སོའི་རྡོ་རིང་མི་འཛུགས་པ་བཅས་ལ་བྱ་དགའ་སྒོར་3000ཐོབ་རྒྱུ་དང་། པུར་ཐལ་གྱང་གསེབ་ཏུ་དུར་འཇུག་བྱེད་པ་དང་པུར་ཐལ་མཆེད་རྟེན་ནང་འཇུག་མཁན་ལ་བྱ་དགའ་སྒོར་2000ཐོབ་རྒྱུ། ནགས་ཁུལ་དང་སྤང་ལྗོངས་སུ་དུར་འཇུག་བྱས་ཚེ་བྱ་དགའ་སྒོར་1500ཐོབ་རྒྱུ། སྤྱི་ཕན་རང་བཞིན་གྱི་པུར་ཐལ་འཇོག་ཁང་ནང་ཡུན་རིང་པུར་ཐལ་བཞག(འཇོག་ཡུན་ལོ་10ཡན་ཡིན་པ)ཚེ་བྱ་དགའ་སྒོར་800ཐོབ་རྒྱུ་བཅས་རེད།
         གཞན་ཡང་། སྣོད་བཅུད་མིན་པའི་སྤྱི་པའི་བང་སོའི་ཁུལ་དུ་པུར་ཐལ་གཏོར་བའི་སྣང་ཚུལ་ཐད་མཚོ་སྔོན་གྱིས་རྫོང་རིམ་པ་ཡན་གྱི་པུར་འཇུག་དོ་དམ་སྡེ་ཚན་ལ་སྒྲིག་སྲོལ་ཞིབ་ཕྲ་ལག་ལེན་བསྟར་རྒྱུ་དང་བྱ་དགའི་ཁ་གསབ་ཚད་གཞི་སྣོད་བཅུད་སྤྱི་པའི་བང་སོར་པུར་ཐལ་གཏོར་བའི་ཚད་གཞི་ལྟར་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། བྱ་ཐབས་དེའི་ནང་ད་དུང་མཚོ་སྔོན་གྱི་གྲོང་ཁྱེར(ཁུལ)ཁག་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་ཁུལ་ཁ་ཤས་ཀྱི་མང་ཚོགས་ཀྱིས་ཡུན་རིང་གདམ་ག་བྱས་པ་དང་མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་ལ་རྒྱལ་ཁབ་ཀྱི་ས་ཆ་གྲོན་ཆུང་གིས་སྣོད་བཅུད་དུར་འཇུག་གི་བླང་བྱའི་དུར་འཇུག་བྱེད་སྟངས་ལྟར་བྱ་དགའི་ཁ་གསབ་སྤྲོད་པའི་སྲིད་ཇུས་བྱེད་ཐབས་ཧུར་ཐག་འདོན་དགོས་པའི་བླང་བྱའང་བཏོན་ཡོད་པ་རེད།
         བྱ་ཐབས་དེ་2018ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།