འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ཀྱི་ཕྱི་འབྲེལ་ནི་ལྷག་བསམ་ལ་བརྟེན་དགོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཕྱི་འབྲེལ་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་ཀྱིས“རྒྱལ་ཆེད་གྲོགས་སྒྲིག”གི་དགོངས་པ་རྒྱུན་འཛིན་བྱས་ནས་འཛམ་གླིང་གི་གྲགས་ཅན་ཆབ་སྲིད་མཁས་ཅན་དང་། ཇུས་འདོན་ཚོགས་པ། སྨྱན་སྦྱོར་སོགས་དང་འགྲོ་འོང་སྔར་བས་རྒྱ་ཆེར་དང་གཏིང་ཟབ་ཏུ་བཏང་ནས་2017ལོ་ཁོ་ནར་འཚམས་འདྲིར་ཡོང་མཁན་ཚོགས་པ་150ལ་སྣེ་ལེན་ཞུས་པ་དང་། རྒྱལ་ཁབ་གཙོ་བོ་20ལྷག་ཙམ་དང་ཕྱོགས་གཉིས་ཀྱི་གྲོས་མོལ་བྱས་ནས་བྱེད་པོའི་ཕྱི་འབྲེལ་ལ་བརྟེན་ནས་བསམ་ཤེས་དང་ཡིད་ཆེས་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་ཐད་མི་དམངས་ཕྱི་འབྲེལ་གྱིས་དམིགས་བསལ་ནུས་པ་བཏོན་ཡོད།
    ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིན་ཀེ་ནི་སློབ་ཚོགས་ཀྱི་གྲོགས་པོ་རྙིང་པ་ཞིག་རེད། 2008ལོ་ནས་བཟུང་། ཁོང་གིས་རང་རེའི་སློབ་ཚོགས་དང་མཉམ་དུ་ཀྲུང་ཨའི་ཕྱོགས་གཉིས་ཀྱི་རིམ་པ་མཐོ་བའི་གླེང་མོལ་གཉེར་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་ཕུགས་ཀྱི་གནད་དོན་གལ་ཆེན་ཐད་སྤེལ་རེས་བྱས་པས་ཀྲུང་ཨའི་དབར་འབྲེལ་གཏུག་དང་བསམ་ཤེས་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། 2016ལོའི་ཟླ་12པར། ཨ་རི་སྲིད་གཞུང་གི་སྐབས་བརྗེའི་འགག་རྩའི་དུས་སྐབས་སུ། སློབ་ཚོགས་ཀྱིས་ཅི་ཤིན་ཀེ་ཀྲུང་གོར་འཚམས་འདྲིར་གདན་དྲངས་ནས་ཀྲུང་ཨའི་འབྲེལ་བ་བརྟན་པོའི་ངང་བར་བརྒལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་རྒྱུན་མཐུད་བརྟན་ལྷིང་དང་འཕེལ་རྒྱས་ཐད་ལྟ་ཚུལ་སྤེལ་རེས་བྱས་ཡོད།
         རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཕུའུ་ཡིས་སློབ་ཚོགས་ཀྱི་གདན་ཞུས་ལྟར་སློབ་ཚོགས་དང་ཆིང་ཧྭ་སློབ་ཆེན་གྱིས་མཉམ་གཉེར་བྱས་པའི་འཛམ་གླིང་ཞི་བའི་གླེང་སྟེགས་དང་སྤེལ་རེས་ཀྱི་བྱེད་སྒོ་གཞན་ནང་ཐེངས་མང་ཞུགས་ཏེ་ཀྲུང་གོ་དང་རི་པིན་དབར་གྱི་དམངས་ཁྲོད་འགྲོ་འོང་ཟབ་ཏུ་གཏོང་ཆེད་ཕན་ཡོད་ལས་དོན་འབོར་ཆེན་བསྒྲུབས་ཡོད།
    ཡོ་རོབ་ཀྱི་གལ་ཆེའི་སྲིད་ཕྱོགས་མི་སྣ་ཟུར་པ་མང་པོས་སློབ་ཚོགས་དང་དུས་ཡུན་རིང་པོའི་འགྲོ་འོང་རྒྱུན་འཁྱོངས་བྱས་ཡོད། ཧྥ་རན་སེའི་ཙུང་ལི་ཟུར་པ་ལ་ཧྥ་ལན་གྱིས་ཀྲུང་གོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། ཁོང་གིས་2017ལོའི་ཟླ་11པར། ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པར་གདེང་འཇོག་ཆེན་པོ་བྱས་པ་མ་ཟད། ཚོགས་ཆེན་བཅུ་དགུ་པའི་ཐོག་འཕེལ་རྒྱས་ཀྱི་དམིགས་ཚད་གསར་པ་མང་པོ་བཏོན་པ་དེ་ཐོག་ནས་ཀྲུང་གོའི་འགོ་ཁྲིད་མི་སྣའི་རྒྱལ་སྐྱོང་འདུ་ཤེས་མངོན་པའི་ངོས་འཛིན་བྱས་པ་དང་ཆབས་ཅིག ཁོང་གིས་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བཤད་པ་རེད།
    ཧྥ་རན་སེའི་ཙུང་ལི་ཟུར་པ་གཞན་ཏེ་ཝེའར་ཕན་ཡང་ཀྲུང་གོ་དང་ཧྥ་རན་སེའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་མཁན་ཞིག་ཡིན་པས་ཀྲུང་གོ་དང་མཐུན་ལམ་ཟབ་མོ་ཡོད།
    སློབ་ཚོགས་ཀྱིས་འཇར་མན་གྱི་ཙུང་ལི་ཟུར་པ་ཧྲི་ལུའོ་ཏེ་དང་ཡང་མཛའ་གྲོགས་འགྲོ་འོང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད། 2015ལོའི་ཟླ་9པར། སློབ་ཚོགས་ཀྱི་གདན་ཞུས་ལྟར་ཧྲི་ལུའོ་ཏེ་ཀྲུང་གོར་འཚམས་འདྲིར་ཡོང་ནས་ཟླ་9ཚེས་3ཉིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་ཡོད་པ་རེད།
         ཨ་རིའི་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཤེས་རྟོགས་གཏིང་ཟབ་ཡོང་ཆེད། ལོ་མང་རིང་སློབ་ཚོགས་ཀྱིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་དང་ལས་རོགས་ཚོགས་པ་500ཙམ་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་གདན་ཞུ་བྱས་ཡོད། གྲོས་མིའི་ལས་རོགས་ཚོགས་པའི་ཁོངས་མི་ཕལ་ཆེ་བ་ནི་ཀྲུང་གོར་འཚམས་འདྲིར་ཡོང་ཐེངས་དང་པོ་ཡིན་པའི་གཞོན་སྐྱེས་ཤ་སྟག་ཡིན་པ་མ་ཟད། ཁོང་ཚོས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་ཡོང་བར་རོགས་རམ་བྱེད་པ་དང་ཆབས་ཅིག གཞོན་ནུ་ལོ་ཆུང་དང་ཕན་སྐུལ་བྱ་རྒྱུ་ནི་འཚམས་འདྲིའི་ནང་དོན་གཙོ་བོ་ཞིག་རེད། 2017ལོའི་ཟླ་4པར། ལས་རོགས་ཚོགས་པ་ཁག་གཅིག་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་སེམས་ཀྱི་ཉི་ཟླའི་མི་རིགས་སློབ་ཆུང་དུ་འཚམས་འདྲི་བྱས། འཚམས་འདྲི་མ་བྱས་གོང་། ཚོགས་མི་ཚོས་ས་ཆ་འདི་ཧ་ཅང་རྗེས་ལུས་ཡིན་པ་དང་སློབ་མ་ཚོ་བཀག་སྡོམ་དང་སེམས་སྦུག་དོག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་བསམ་ཡུལ་ལས་འདས་པར་ཕྲུ་གུ་ཚོ་བག་ཕེབས་པ་དང་། སེམས་རྩ་འཁོལ་བའི་ཁར། སྐྲ་སེར་མིག་སྔོན་གྱི་ཨ་རི་བ་ཚོར་འཚེར་སྣང་གཏན་ནས་བྱེད་ཀྱི་མེད། དེ་གའི་འཚོ་བ་འབྱོར་ཕྱུག་མིན་ཡང་སློབ་མ་ཚོའི་ལྷད་མེད་བབ་ཆགས་དང་ཧུར་བསྐྱེད་ཡར་བརྩོན་གྱི་བསམ་བློས་ཚོགས་མི་ཚོའི་ཡིད་དབང་བཀུག་ཡོད། ཐག་རིང་ལུང་ཁུག་རི་ཁུལ་དུ་གནས་པའི་སློབ་ཆུང་དེ་ནས་ཁོང་ཚོས་ཀྲུང་གོའི་འབྱུང་འགྱུར་གྱི་རེ་བ་མཐོང་ཡོད། རང་ཉིད་ངོ་མས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་དང་། སྤྱི་ཚོགས་ཡར་རྒྱས། བསམ་པའི་ཉམས་འགྱུར་བཅས་ཉམས་ལེན་བྱས་པ་བརྒྱུད། རྒྱལ་ཚོགས་ཀྱི་ལས་རོགས་ཁག་མང་པོས་ཀྲུང་གོར་ཤེས་རྟོགས་ཟབ་མོ་བྱུང་ནས་མཐར་ང་ཚོའི་གྲོགས་པོར་གྱུར་ཡོད།
    ཉེ་བའི་ལོ་ཤས་རིང་། སློབ་ཚོགས་ཀྱིས་ད་དུང་ཨ་རི་དང་། རྒྱ་གར། ཨོ་སི་ཁྲུ་ལི་ཡ། ཐུ་ནི་སི། ཁ་མེ་རོང་སོགས་རྒྱལ་ཁབ་བཅུ་གྲངས་ཚུད་པའི་གཙོ་རྒྱུན་སྨྱན་སྦྱོར་ཚོགས་པ་ཀྲུང་གོར་འཚམས་འདྲིར་གདན་དྲངས་ཡོད། ཐུག་འཕྲད་དང་། བཞུགས་མོལ་ཚོགས་འདུ། ཡུལ་དངོས་སུ་རྟོག་ཞིབ་སོགས་བྱས་པ་བརྒྱུད་ཁོང་ཚོ་ངོ་མས་ཀྲུང་གོའི་འཕེལ་རྒྱས་དང་འགྱུར་ལྡོག་མྱོང་ལེན་ཐུབ་པ་བྱུང་ཡོད། 2016ལོའི་ཟླ་5པར། སློབ་ཚོགས་ཀྱིས་《གཟའ་འཁོར་རེའི་གསར་འགྱུར་དུས་དེབ་》དང་《ཀྲེ་ཅ་ཀོའི་གླེང་སྟེགས་ཚགས་པར་》 《ལུའོ་ཧྲན་ཅིའི་སྐབས་དོན་ཚགས་པར་》དང་ཨ་རིའི་རླུང་འཕྲིན་ཀུང་སི་བཅས་ལས་གྲུབ་པའི་སྨྱན་སྦྱོར་ཚོགས་པའི་གསར་འགོད་པ་བཀོད་སྒྲིག་བྱས་ནས་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞི་ཟེར་བ་ཐག་གཅོད་མ་བྱས་གོང་མཉམ་སྡེབ་ཐོག་ཕྱི་འབྲེལ་པུའི་འབྲེལ་ཡོད་འགོ་ཁྲིད་ལ་བཅར་འདྲི་བྱས་ནས་ཀྲུང་གོའི་སྐད་སྒྲ་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ཡོད།
         སློབ་ཚོགས་ཀྱིས་ལོ་ལྟར་ཨ་ཧྥེ་རི་ཁའི་མཐོ་རིམ་ཕྱི་འབྲེལ་དཔོན་གྱི་འཐུས་མི་ཚོགས་པ་ཁག་གཅིག་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུའི་སྣེ་ལེན་ཞུ་གི་ཡོད། ཁོང་ཚོ་ཨ་ཧྥེ་རི་ཁའི་རི་ཁུལ་དུ་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་དང་ས་ཁུལ་གྱི་རྩ་འཛུགས་ནས་ཡོང་བ་དང་ཕལ་ཆེ་བ་ཀྲུང་གོར་ཡོང་ཐེངས་དང་པོ་རེད། སློབ་ཚོགས་ཀྱིས་ཉིན་རེའི་ལས་རིམ་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་སྟབས་བསྟུན་སྣ་མང་གི་བྱ་ཐབས་ཐོག་ནས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ངོ་སྤྲོད་བྱེད་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབར་གྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་མ་གཏོང་གི་ཡོད། འཚམས་འདྲི་བརྒྱུད་ཚོགས་མི་དང་ཀྲུང་གོ་ཕྱོགས་དབར་བརྩེ་བ་ཟབ་མོ་ཆགས་ནས་ཚོགས་མི་མང་པོ་ཞིག་ད་ལྟ་གལ་ཆེན་གོ་གནས་འཁུར་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཛའ་གྲོགས་ལ་སྐུལ་མ་གཏོང་མཁན་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། 2017ལོའི་ཟླ་10པར་སློབ་ཚོགས་ཀྱིས་དུས་ཐེངས་ཉི་ཤུ་པའི་ཨ་ཧྥེ་རི་ཁའི་མཐོ་རིམ་ཚོགས་པ་ཀྲུང་གོར་འཚམས་འདྲིར་ཡོང་བར་སྣེ་ལེན་ཞུས་པ་དང་། ཚོགས་མིའི་གྲས་ཤིག་ཨེ་རི་ཐྲེ་ལི་ཡ་ཕྱི་འབྲེལ་པུའུ་ནས་ཡིན་པའི་ཚོགས་མི་ཞིག་གིས་དབྱིན་ཡིག་གིས་སྙན་ངག་ཅིག་བརྩམས་ཏེ་ཀྲུང་གོར་འཚམས་འདྲིར་ཡོང་བའི་མྱོང་ཚོར་མཚོན་པར་བྱས་པ་རེད། མི་དམངས་ཀྱི་ཕྱི་འབྲེལ་ནི་མཐར་གཏུག་ནས་བརྗོད་ན་ལྷག་བསམ་ལ་བརྟེན་པའི་ཕྱི་འབྲེལ་ཞིག་ཡིན། དམངས་ཁྲོད་ཀྱི་འགྲོ་འོང་བརྒྱུད་དམངས་སེམས་གཅིག་ཏུ་སྒྲིལ་བ་དང་དམངས་སེམས་ཟབ་ཏུ་ཕྱིན་ཏེ་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་དང་། ཀྲུང་གོར་བསམ་ཤེས། ཀྲུང་གོར་ཉེ་བཅར་བཅས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།