འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་21ཉིན། 17:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལྷ་སའི་སྙེ་མོ་རྫོང་གྲོང་ནས་ནུབ་ཕྱོགས་སུ་རླངས་འཁོར་ལ་བསྡད་དེ་སྐར་མ་10ཙམ་བསྐྱོད་ཙ་ན། དར་རོང་གྲོང་རྡལ་ཞོ་ལེགས་གྲོང་ཚོར་འབྱོར་གྱི་ཡོད། དེར་སྔོན་མ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཕེབས་ནས་ས་གནས་དེ་གའི་གྲོང་མིས་བཟོས་པའི་ཞོ་མཆོད་སྐབས་ཞོ་ཡག་པོ་འདུག་ཅེས་བསྔགས་བརྗོད་ཆེན་པོ་གནང་བས་གྲོང་ཚོ་དེའི་མིང་ལའང་ཞོ་ལེགས་ཅེས་ཐོབ་པའི་ཤོད་སྲོལ་ཡོད། ཞོ་ལེགས་གྲོང་ཚོའི་ཞོ་ཡག་པོ་ཡོད་པ་ཙམ་མ་ཟད། ད་དུང་བོད་ཤོག་བཟོ་རྩལ་སྐད་གྲགས་ཡོད་པས། བོད་རྙིང་པའི་དུས་ཀྱི་བོད་ཤོག་ལེགས་ཤོས་ལྔ་ཡི་གྲས་ཤིག་ཡིན་པ་དང་། ད་ལྟའང་སྔར་བཞིན་རྒྱུན་འཛིན་ལེགས་པོ་བྱེད་མཁན་འབའ་ཞིག་དེ་ཡིན།
          ཤོག་བུའི་སྒྲའི་ཁྲོད་དུ་བགྲེས་སོང་ཚེ་རིང་རྡོ་རྗེས་ཞོ་ལེགས་ཀྱི་བོད་ཤོག་གནམ་ལ་འཕྱར་ཏེ་ཉི་འོད་འོག་ཏུ་སྤུས་ཚད་ལ་བལྟས་རྗེས། “ད་རེས་ཀྱི་ཤོག་བུ་དེ་དག་ཡག་པོ་བྱུང་འདུག ཏོག་ཙམ་སོང་རྗེས་ལྷ་སར་བསྐུར་གྱི་ཡིན”ཞེས་བགྲེས་སོང་གིས་ཤོག་བུར་ལག་པ་འཆང་བཞིན་བུ་སྐལ་བཟང་བསྟན་འཛིན་ལ་བརྗོད། བུས་ད་རེས་བཟོས་པའི་ཤོག་བུར་བགྲེས་སོང་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད་པ་རེད།
          བོད་ཤོག་བཟོ་རྩལ་ནི་ཝུན་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་དར་བ་ཡིན་པའི་ཤོད་སྲོལ་ཡོད་པ་དང་། སྐབས་དེ་དུས་ནང་པ་སངས་རྒྱས་ཆོས་ལུགས་བོད་ལ་དར་ཤུགས་ཆེ་རུ་ཕྱིན་པ་དང་། བོད་ཀྱི་རིག་གནས་འཕེལ་རྒྱས་ཕྱིན་པ་ལས་ཤོག་བཟོའི་ལས་རིགས་གོང་འཕེལ་ཡོང་བར་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་མོད། འོན་ཀྱང་ཀྲུང་ཡོན་གྱི་ཤོག་བུ་བཟོ་མཁན་གྱིས་སྤྱོད་པའི་མ་བཅོས་རྒྱུ་ཆ་བོད་ལ་དཀོན་པོ་ཡོད་པས་ལག་ཤེས་པ་ཚོས་ཀྲུང་ཡོན་གྱི་ཤོག་བཟོའི་ལག་རྩལ་ལ་བརྟེན་ནས་བོད་ཀྱི་མ་བཅོས་རྒྱུ་ཆ་སྤྱད་དེ་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་བོད་ཤོག་བཟོས་པ་རེད། བོད་ཤོག་ཐོན་ཡུལ་མང་པོ་ཡོད། དེ་སྔ་ས་གནས་གང་དུ་རྒྱུ་ཆ་ཡོད་པ་དང་ཆུ་དྭངས་མོ་ཡོད་ཚེ་དེ་རུ་ཤོག་བུ་བཟོ་ཆས་བཙུགས་ནས་ཤོག་བུ་བཟོ་གི་ཡོད།
         ཚེ་རིང་རྡོ་རྗེས་ཞོ་ལེགས་བོད་ཤོག་གི་མ་བཅོས་རྒྱུ་ཆ་ནི་ས་གནས་དེ་གའི་སྤྱང་དུག་གི་རྩ་བ་ཡིན་པ་དང་དེར་དུག་ཤེད་ངེས་ཅན་ལྡན་ཡོད། སྤྱང་དུག་གི་རྩ་བ་ཇི་ཙམ་རྒྱས་པ་དེ་ཙམ་གྱིས་དུག་ཤེད་ཆེ་བ་ཡོད་མོད། འོན་ཀྱང་བཟོས་པའི་ཤོག་བུ་མཉེན་ལ་སྤྱོད་ཡུན་རིང་བར་འགྱུར་གྱི་ཡོད། བཙོ་བ་དང་དཀར་པོ་བཟོ་བ་སོགས་གོ་རིམ་སྣ་མང་བརྒྱུད། སྤྱང་དུག་གི་རྩ་བའི་དུག་ཤེད་མེད་པར་གྱུར་རུང་། ཤོག་བུ་འབུས་མི་ཟ་བ་སོགས་ཀྱི་ཁྱད་ཆོས་ལྡན་ནས་ཉར་ཚགས་ཡུན་རིང་བྱེད་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
         སྙེ་མོའི་ཞོ་ལེགས་ཀྱི་བོད་ཤོག་བོད་ཀྱི་ས་ཕྱོགས་གང་སར་སྐད་གྲགས་ཆེན་པོ་ཡོད། བོད་ཤོག་ཐོན་ཡུལ་གཙོ་བོ་ཡིན་པའི་ངོས་ནས་ཞོ་ལེགས་གྲོང་ཚོར་དེ་སྔ་དུད་ཁྱིམ་མང་པོས་བོད་ཤོག་བཟོས་ནས་འཚོ་ཐབས་བྱེད་ཀྱི་ཡོད་ཀྱང་། ཤོག་བུ་གསར་པ་མང་པོ་ཐོན་པ་དང་རྒྱུ་ཆ་དཀོན་པའི་ཁར་མ་གནས་མཐོ་རུ་ཕྱིན་པ་སོགས་ཀྱིས་རྐྱེན་པས་གྲོང་ཚོ་དེ་ཡོངས་ཀྱི་ཤོག་བཟོའི་ལས་རིགས་རེ་ཞིག་ཉམས་རྒུད་དུ་སོང་ཡོད།
         “ང་ལོ་14ནས་བཟུང་པཱ་ལགས་ས་ནས་ཤོག་བཟོའི་ལག་རྩལ་སྦྱངས་པ་ཡིན། ཕ་མེས་ཚོས་ང་ཚོར་བཞག་པའི་ལག་རྩལ་དེ་སྟོངས་ཉེན་འདུག”ཅེས་བགྲེས་སོང་གིས་བློ་ཕམ་ཆེན་པོས་བཤད། ད་ཆ་བགྲེས་སོང་དང་ཁོང་གི་བུ་གཉིས་ནི་ཞོ་ལེགས་གྲོང་ཚོར་ཡོད་པའི་ཞོ་ལེགས་ཀྱི་བོད་ཤོག་བཟོ་མཁན་གསུམ་པོ་དེ་ཡིན་པ་རེད།
         “ད་ཆ་གྲོང་ཚོ་གཞན་དུ་བོད་ཤོག་བཟོ་མཁན་མེད། ལོ་རྒན་པ་ཚོས་སྤྱང་དུག་ལ་དུག་ཤེད་ལྡན་པས་གཟུགས་པོར་གནོད་ཀྱི་རེད་སྙམ་པ་དང་ན་གཞོན་ཚོས་ལས་ཀ་དེ་དཀའ་ལས་ཁག་པའི་ཁར་ཡོང་འབབ་ཉུང་བའི་ངོས་འཛིན་བྱེད་ཀྱི་ཡོད”ཞོ་ལེགས་ཀྱི་བོད་ཤོག་ལ་འཕྲད་པའི་དཀའ་ངལ་ནི་མ་བཅོས་རྒྱུ་ཆ་དཀོན་པ་དེ་རེད། གངས་ལྗོངས་ས་མཐོར་སྤྱང་དུག་མང་པོ་ཡོད་རུང་། སྐྱེས་ནས་ལོ་20ཡན་སོང་ན་མ་གཏོགས་བོད་ཤོག་བཟོ་ཐུབ་ཀྱི་མེད་པའི་ཁར་ལོ་ལྟར་གྱི་ཟླ་5ནས་7བར་མ་གཏོགས་རྩྭ་དེ་འཐུ་རྒྱུ་མེད།
          2016ལོར་བོད་ཤོག་ཐོན་སྐྱེད་བཟོ་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་བཅུག་པ་དང་ཚེ་རིང་རྡོ་རྗེར་2009ལོར་རིག་གནས་པུས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མཚན་སྙན་སྤྲད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།