འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་ཀྱིས་མཚོ་སྔོན་གྱི་རྒྱ་ཆེའི་ཞིང་འབྲོག་
    པར་བློས་འགེལ་ཆོག་པའི་གློག་སྤྱོད་རྒྱུ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། མིག་སྔར་མཚོ་སྔོན་གྲོང་གསེབ་ཀྱི་གློག་དྲས་གློག་མཁོ་འདོན་བྱེད་ཚད་99.7%ཟིན་ནས་ལོ་རེར་ཆ་སྙོམས་དུད་ཚང་རེར་གློག་ཆད་ཚད་ཆུ་ཚོད་25.9བར་ཉུང་དུ་ཕྱིན་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་བློས་འགེལ་ཆོག་ལ་བརྟན་པའི་གློག་སྤྱོད་རྒྱུ་བྱུང་བ་རེད།
         མཚོ་སྔོན་གྱི་གྲོང་གསེབ་གློག་དྲ་གནས་མང་ལ་རྒྱ་ཁྱོན་ཆེ་བས་ཁྱབ་ཚད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་68.4ཟིན་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་རྒྱ་ཁྱོན་གྱི་95%བཟུང་བ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་གློག་སྤྱོད་མཁན་དུད་ཚང་ཁྲི་92.45ལྷག་ཙམ་ཟིན་ཡོད་པ་རེད། དུས་ཡུན་རིང་པོའི་ནང་ས་ཁུལ་ཁག་གཅིག་ལ་དུས་མཚམས་ཕྱེ་ནས་གློག་གཏོང་བ་དང་ས་ཁོངས་ཕྱེ་ནས་གློག་གཏོང་བའི་ག་བྱེད་འདི་བྱེད་མེད་པའི་གནས་ཚུལ་འཕྲད་ཡོད་པ་རེད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་གཉེར་སྐྱོང་ཉམས་བཟོ་པུའི་ཞིབ་བཤེར་བཟོ་བཅོས་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་ལི་ཡོན་གྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ས་ཁུལ་ཁག་གཅིག་ལ་སྔོན་ཆད་ས་གནས་ཁེ་ལས་ཀྱིས་དོ་དམ་བྱེད་ཀྱི་ཡོད་པས་གློག་མཁོ་འདོན་བྱེད་ཚད་དམའ་བ་དང་གློག་མཁོ་འདོན་བྱེད་པའི་ཁྱབ་ཁོངས་ཆུང་བས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ས་ཆ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཐེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         2016ལོའི་ཟླ་3པར་མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ནས་ཉེ་བའི་ལོ་གཉིས་རིང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་45.74བཏང་ནས་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ཁག་909ལག་བསྟར་བྱས་ཏེ་གྲོང་གསེབ་གློག་དྲའི་གློག་ཤུགས་ཆུང་བ་དང“གློག་དྲ་སྦྲེལ་མཐུད་ཀྱི་མཐའ་མའི་འགག་གནད”སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཡོད་པ་རེད།
         ལི་ཡོན་གྱིས་མིག་སྔར་རྫོང་ཁོངས་8ཀྱི་ཁྱབ་ཁོངས་ནང་གློག་དྲ་ཁེར་རྐྱང་སྤྱོད་པ་དང་རྫོང་ཁོངས་6གི་ཁྱབ་ཁོངས་ནང་གློག་དྲ་དང་དྲ་རྒྱ་གཙོ་བོ་སྦྲེལ་མཐུད་ཡག་པོ་མ་ཐུབ་པའི་གནད་དོན་ཐག་གཅོད་ཐུབ་ནས་གྲོང་ཚོ་326གི་སྒུལ་ཤུགས་གློག་གི་སྒྱུར་བཀོད་ལས་གྲྭ་ལེགས་གྲུབ་བྱུང་བ་དང་། དུད་ཚང་ཁྲི་1.76ལ་སྒུལ་ཤུགས་གློག་ཤར་གཏོང་ཐུབ་པས་ཞིང་འབྲོག་ཁུལ་གྱི་ལག་ཤེས་ཆུང་ཆུང་དང་། གསོ་སྤེལ། ཞིང་འབྲོག་ཐོན་རྫས་ལས་སྣོན་སོགས་ཐོན་ལས་འབྲིང་ཆུང་གི་ཞིང་ལས་ཐོན་སྐྱེད་སྒྲིག་བཀོད་ཀྱི་སྒུལ་ཤུགས་གློག་སྤྱོད་པའི་དགོས་མཁོ་བསྐངས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཚ་རྔ་འགག་ཆུ་ཤུགས་གློག་ཁང་དང་ས་འབྲེལ་ཡིན་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ་མཚོ་ཐོག་ལུང་གྲོང་ཚོ་ནི་གནས་སྤོས་ཡུལ་མིའི་གྲོང་ཚོ་ཞིག་ཡིན་པ་དང་། 1981ལོར་དེ་ཁུལ་དུ་སྤོས་རྗེས་གྲོང་མིས་འདེབས་འཛུགས་དང་། ཉ་ལས། གསོ་སྤེལ་བཅས་ལ་བརྟེན་ནས་འཚོ་བ་དགའ་དགའ་སྐྱིད་སྐྱིད་ངང་སྐྱེལ་བཞིན་ཡོད། འོན་ཀྱང་གྲོང་ཚོའི་མི་འབོར་མང་དུ་ཕྱིན་པ་དང་བསྟུན་ནས་གྲོང་ཚོའི་ནང་གློག་སྤྱོད་ཚད་མཐོ་རུ་ཕྱིན་པས་གློག་ཤུགས་བརྟན་པོ་མེད་པ་དང་གློག་མི་འདང་བ་སོགས་ཀྱི་གནད་དོན་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད།
         2016ལོར་མཚོ་ཐོག་གྲོང་ཚོ་དེ་རིམ་སྤོར་སྒྱུར་བཅོས་ཀྱི་འཆར་གཞིའི་ནང་བཅུག་པས་2017ལོའི་ཟླ་9པར་གློག་གནོན་སྒྱུར་ཆས་ཨང་4པ་བེད་སྤྱོད་བྱེད་འགོ་ཚུགས་ཤིང་། གྲོང་མི་མ་ཝུན་ཧུའེ་ཡིས“ད་ཆ་གོས་འཁྲུད་འཕྲུལ་འཁོར་དང་། གློག་ཐབ། འཁྱགས་སྒམ་སོགས་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད། གློག་ཆས་ཚང་མ་མཉམ་དུ་བེད་སྤྱད་ཀྱང་གློག་ཆད་པའི་སེམས་ཁྲལ་བྱེད་དགོས་ཀྱི་མི་འདུག”ཅེས་བརྗོད།
         ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་གྱིས་2020ལོར་སླེབས་སྐབས་ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་དུ་གཞི་རྩའི་ཆ་ནས་བརྟན་ལ་བློས་འགེལ་ཆོག་པའི་གློག་ཤུགས་མཁོ་འདོན་བྱས་ནས་གློག་ཤུགས་མཁོ་འདོན་བྱེད་ནུས་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་བཏང་སྟེ་གྲོང་ཁྱེར་(ཀྲོའུ་)གྱི་ཆན་ཧྥུའུ་330ཡན་གྱི་གློག་དྲ་སྦྲེལ་མཐུད་ཐུབ་པ་དང་རྫོང་རིམ་པའི་ཆན་ཧྥུའུ་110མན་གྱི་གློག་དྲ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།