འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཀྱི་མི་སེར་ཁྲི་44.5ལྷག་ཙམ་དམག་འཁྲུག་
    གི་རྐྱེན་པས་གཞིས་མེད་འཁྱམས་པོར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་3ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་གི་ཨ་ཧྥུ་ཀ་ནི་སི་ཐན་དོན་གཅོད་ཁང་གིས་2017ལོ་འཁོར་ཡོངས་ལ་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཀྱི་མི་སེར་ཁྲི་44.5ལྷག་ཙམ་དམག་འཁྲུག་གི་རྐྱེན་པས་གཞིས་མེད་འཁྱམས་པོར་གྱུར་འདུག་ཅེས་བསྟན་པ་རེད།
          སྡེ་ཚན་དེས་ཉིན་དེར་སྤེལ་བའི་སྤྱི་བསྒྲགས་ཤིག་ཏུ། 2017ལོར། ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཀྱི་ཤར་རྒྱུད་ས་ཁུལ་དུ་རྒྱལ་ནང་གི་གཞིས་མེད་འཁྱམས་པོ་མི་གྲངས་ཁྲི་14ལས་བརྒལ་བ་དང་། དེའི་ནང་གི་མི་གྲངས་ཁྲི་12.35ཙམ་ནི་ནན་ཀི་ཧར་ཞིང་ཆེན་ནས་ཐོན་པ་རེད། ཤེས་རྟོགས་བྱུང་གསལ་དུ། ན་ནིང་ཟླ་10པའི་ཟླ་སྟོད་ནས་བཟུང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་དཔུང་ཕྱོགས་ཀྱིས་རྒྱལ་ཁབ་དེའི་ཤར་རྒྱུད་ས་ཁུལ་དུ་ཡོད་པའི་དྲག་སྤྱོད་རྩ་འཛུགས"དབྱི་སི་ལམ་རྒྱལ་ཁབ"ཀྱི་དྲག་ཆས་པ་དང་བསྟུད་མར་འཐབ་པའི་དབང་གིས། མི་སེར་མང་པོ་ཞིག་གཞིས་མེད་འཁྱམས་པོར་གྱུར་པ་རེད།
          2001ལོ་ནས་བཟུང་། ཨ་ཧྥུ་ཀ་ནི་སི་ཐན་མངའ་ཁོངས་སུ་མི་སེར་ཁྲི་100ལྷག་ཙམ་དམག་འཁྲུག་གི་རྐྱེན་དང་ཡང་ན་བདེ་འཇགས་གནས་བབ་ཛ་དྲག་ཏུ་གྱུར་པའི་དབང་གིས། གཞིས་མེད་འཁྱམས་པོར་གྱུར་པ་རེད།
           ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་རོགས་སྐྱོར་ཚོགས་པས་ན་ནིང་ཟླ་10ཚེས་13ཉིན་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་སྙན་ཞུ་ལྟར་ན། 2017ལོའི་ཟླ་སྔ་མ་9ཡི་རིང་ལ། དྲག་ཆས་གདོང་གཏུག་གི་རིགས་སྣ་ཚོགས་བྱུང་བའི་འོག་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་སེར་8019ཙམ་ཤི་རྨས་བྱུང་བ་དང་། དེའི་ནང་མི་གྲངས་2640ཙམ་རྐྱེན་ལམ་དུ་ཤོར་ཡོད་ལ། མི་གྲངས་5379ཙམ་ལ་རྨས་སྐྱོན་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།