འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་བྱང་ཕྱོགས་མངའ་སྡེ་རུ་གློག་འདོན་བཟོ་གྲྭ་ཞིག་འབར་གས་བྱུང་ནས་མི་9རྐྱེན་ལམ་
    དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན། རྒྱ་གར་སྨྱན་སྦྱོར་ནས་གནས་འཕྲིན་སྤེལ་བར་གཞིགས་ན། རྒྱ་གར་བྱང་ཕྱོགས་མངའ་སྡེ་རུ་གློག་འདོན་བཟོ་གྲྭའི་ཁྲོ་ཐབ་འབར་གས་བྱུང་བས། ཉུང་མཐར་ཡང་མི་9རྐྱེན་ལམ་དུ་ཤོར་བ་དང་། མི་100ལྷག་ལ་རྨས་སྐྱོན་ཕོག་པ་རེད།
         ས་གནས་དེ་གའི་སྨྱན་སྦྱོར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དོན་རྐྱེན་བྱུང་ས་ནི་བྱང་ཕྱོགས་མངའ་སྡེའི་ཁུལ་ལྟེ་ལེ་ཁེ་ནའོ་དང་བར་ཐག་སྤྱི་ལེ་82ཡོད་པ་དང་། དོན་རྐྱེན་བྱུང་དུས་བཟོ་པ་བརྒྱ་ཕྲག་ཁ་ཤས་ཀྱིས་གློག་འདོན་འཕྲུལ་འཁོར་གྱི་འཁྲིས་སུ་ལས་སྒྲུབ་བྱེད་བཞིན་ཡོད་པ་དང་། མིག་སྔར་ད་དུང་བཟོ་པ་མང་པོ་ཞིག་དོན་རྐྱེན་བྱུང་ཡུལ་དུ་འགགས་ཡོད་པ་རེད།
         དོན་རྐྱེན་བྱུང་རྗེས་ས་གནས་དེ་གའི་སྲིད་གཞུང་གིས་མྱུར་སྐྱོབ་མི་སྣ་དང་མེ་གསོད་རླངས་འཁོར་མངགས་གཏོང་བྱས་ནས་དོན་རྐྱེན་བྱུང་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་འགོ་ཚུགས་ཤིང་། རྨས་སྐྱོན་ཕོག་པའི་མི་སྣ་ཚོ་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་ནས་སྲོག་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་མྱུར་སྐྱོབ་ལས་ཀ་ད་དུང་མཇུག་བསྒྲིལ་མེད་པའི་རྐྱེན་གྱིས་ཤི་རྨས་བྱུང་བའི་མི་གྲངས་ཞིབ་ཕྲ་གནས་སྐབས་གཏན་འཁེལ་བྱེད་ཐུབ་མེད་ཅེས་བཤད་པ་རེད།
         ཕྱི་རྒྱལ་དུ་འཚམས་འདྲི་བྱེད་བཞིན་པའི་བྱང་ཕྱོགས་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཡུའེ་ཅི་ཡིས་དོན་རྐྱེན་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་བཟོ་པར་སྐྱིན་གསབ་ཤོག་སྒོར་རུ་པི་ཁྲི་20(ཨ་སྒོར་1ཧ་ལམ་རུ་པི་ཤོག་སྒོར་64དང་མཚུངས་པ)སྤྲོད་རྒྱུ་དང་། རྨས་སྐྱོན་ཚབས་ཆེན་ཕོག་པའི་བཟོ་པར་སྐྱིན་གསབ་ཤོག་སྒོར་རུ་པི་ཁྲི་5སྤྲོད་རྒྱུ། རྨས་སྐྱོན་ཡང་པོ་ཕོག་མཁན་ལ་སྐྱིན་གསབ་ཤོག་སྒོར་རུ་པི་ཁྲི་2.5སྤྲོད་རྒྱུ་ཡིན་ཞེས་བསྟན་པརེད།
         མིག་སྔར། གཞུང་ཕྱོགས་ཀྱིས་དོན་རྐྱེན་འདི་བྱུང་བའི་ཞིབ་ཕྲའི་རྒྱུ་རྐྱེན་ད་དུང་གཏན་འཁེལ་བྱས་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།