འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་58.3ལ་དགུན་སྒྲོལ་གྱི"ཤོག་ཆག"
    སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10པར་ཤར་བ་ནས་བཟུང་། མཁའ་རླུང་དྲང་མོའི་ཤུགས་རྐྱེན་འོག་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་གནམ་གཤིས་གྲང་དུ་སོང་ནས་དྲོད་ཚད་མངོན་གསལ་དོད་པོས་དམའ་རུ་ཕྱིན་ཡོད། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་སྔོན་དཔག་བྱས་ན་དགུན་སྒྲོལ་ཐུབ་པའི“ཤོག་ཆག”སྒོར་དུང་ཕྱུར་1.8སྤྲད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་58.3ལ་དྲོ་སྐྱིད་སྦྱིན་པ་རེད།
         མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་སྤྱི་ཚོགས་རོགས་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཤིའུ་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་སྤྲད་པའི་དགུན་དུས་དྲོད་ལེན་རོགས་སྐྱོབ་ཀྱིས་ཞིང་ཆེན་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་དུད་ཚང་ཁྲི་22ལ་ཕན་པ་ཐོབ་རྒྱུ་དང་གྲོང་ཁྱེར་གྱི་གྲོང་མིའི་ཚད་གཞི་ནི་དུད་ཚང་རེར་སྒོར་1000དང་གྲོང་གསེབ་ཀྱི་གྲོང་མི་དུད་ཚང་རེར་སྒོར་800ཡིན་པ་རེད།
         ཝང་ཤིའུ་ཆིང་གིས་ཉེ་བའི་ལོ་ཤས་རིང་དྲོད་ལེན་འགྲོ་གྲོན་གྱི་ཚད་གཞི་ལོ་རེ་བཞིན་མཐོ་རུ་ཕྱིན་པའི་རྐྱེན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་ལོ་འགོར་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དྲོད་ལེན་རོགས་སྐྱོབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་གཏན་འཁེལ་བྱས་ཏེ་ན་ནིང་གི་དུད་ཚང་རེར་སྒོར་750ནས་འདི་ལོའི་དུད་ཚང་རེར་སྒོར་1000བར་མཐོ་རུ་བཏང་ཡོད་ཅེས་བཤད།
         “གཞན་ཡང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་གྲོང་གསེབ་ཀྱི་གྲོང་མིའི་དགུན་དུས་ཀྱི་དྲོད་ལེན་ཐད་ལའང་དཀའ་ངལ་འཕྲད་ཀྱི་ཡོད། གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་དགུན་སྒྲོལ་ཐུབ་རྒྱུ་འགན་ལེན་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་འདི་ལོ་ནས་བཟུང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་དམིགས་ནས་དྲོད་ལེན་རོགས་སྐྱོབ་ལམ་ལུགས་བཟོས་པ་དང་ཚད་གཞི་ནི་དུད་ཚང་རེར་ལོ་རེར་སྒོར་800རེད”ཅེས་ཝང་ཤིའུ་ཆིང་གིས་བཤད།
         ཟླ་འདིའི་ཚེས་15ཉིན། མཚོ་སྔོན་དུ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་འགོ་ཚུགས་ཤིང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་བླང་བྱར་གཞིགས་ནས་ས་ཁུལ་ཁག་གིས་ཚེས་15ཉིན་གོང་དྲོད་ལེན་རོགས་སྐྱོབ་དངུལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལག་ཏུ་སྤྲད་ནས་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།