འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གྲུམ་ནད་ཕོག་མཁན་དུད་ཚང་དབུལ་པོ་150ཡངས་པ་ཅན་ཆུ་ཚན་ཁུལ་དུ་
    སྤོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གནད་སྨིན་དབུལ་སྐྱོར་གྱི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས། 2017ལོར་གྲུམ་ནད་ཕོག་མཁན་དུད་ཚང་150ས་འོག་ཚ་ནུས་ཀྱི་ཆུ་ཚན་ཞེས་སུ་གྲགས་པའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་དུ་གཅིག་སྡུད་ཐོག་སྤོས་ཏེ་ནད་གཞི་བཅོས་པ་དང་སྦྲགས། དབུལ་སྒྲོལ་གྱི་ཐབས་ལམ་གསར་པ་ཡང་འཚོལ་གྱི་ཡོད།
         ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་150ཚང་མར་ཉུང་མཐར་ཡང་གྲུམ་ནད་ཕོག་མཁན་གཅིག་གམ་ཡང་ནའབམ་ནད་ཕོག་མཁན་གཅིག་ཡོད་ཅིང་། ཁོང་ཚོ་ནི་མངའ་རིས་དང་། ནག་ཆུ། ཆབ་མདོ་སོགས་ཀྱི་ས་བབ་མཐོ་བའམ་ཡང་ན་ཐག་རིང་ལུང་ཁུག་གི་ས་ཁུལ་ནས་ཡོང་བ་ཤ་སྟག་ཡིན། མིག་སྔར་ཁག་གསུམ་ལ་དབྱེ་ནས་ཚང་མ་ཡངས་པ་ཅན་གྲོང་རྡལ་དུ་སྤོས་ཟིན་པ་རེད།
         ས་ཁམས་ཁོར་ཡུག་དང་དམིགས་བསལ་གནམ་གཤིས་ཆ་རྐྱེན་སོགས་ཀྱི་དབང་གིས་བོད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་མང་དག་ཅིག་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་དེའི་ཁྲོད་གྲུམ་ནད་ཕོག་པའི་དབང་གིས་དབང་པོ་སྐྱོན་ཅན་དང་དབུལ་པོར་གྱུར་བའི་སྣང་ཚུལ་ཧ་ཅང་མངོན་གསལ་དོད་པོ་ཡོད། “ད་ཐེངས་ཀྱི་གཅིག་སྡུད་གནས་སྤོ་དེ་གཙོ་བོ་གྲུམ་ནད་ཕོག་པའི་མང་ཚོགས་དབུལ་པོ་ཁག་གཅིག་ལ་དམིགས་པ་ཞིག་ཡིན། ཡངས་པ་ཅན་གྱི་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ང་ཚོས་ཡུལ་དེའི་ཆུ་ཚན་གྱིས་ཁོང་ཚོའི་ནད་གཞི་ཡང་དུ་འགྲོ་བ་དང་ནད་གཞི་བཅོས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཧྭ་ཏུང་གིས་བཤད།
         བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་གཞིར་བཟུང་། གནས་སྤོས་དུད་ཚང“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ནད་གཞི་བཅོས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་བྱ་ཆེད། བཀོད་སྒྲིག་ས་ཚིགས་སུ་བུ་བཅོལ་ཁང་དང་ལུས་གསོའི་ལྟེ་གནས་སོགས་ལེ་ལག་ཚང་བའི་སྒྲིག་ཆས་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་ལེ་ལག་ཚང་བའི་ཐོན་ལས་ཀྱང་བཀོད་སྒྲིག་བྱས་ཡོད། དེ་གར་སྤོས་པའི་མང་ཚོགས་ཁག་གཅིག་དེ་སྔོན་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་བར་བསམ་གཞིག་བྱས་ཏེ་འབྱུང་འགྱུར་ཡུལ་འདིར་གཞི་ཁྱོན་ཅན་གྱི་གསོ་ཚགས་ལས་རིགས་དང་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད།
         སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ཕུད། གནས་སྤོས་དུད་ཚང་ལ་ད་དུང་གདམ་ག་གསར་པ་ཡོད་ཅིང་། ཡངས་པ་ཅན་ནི་སྔར་ནས་བོད་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་ཞིག་ཡིན་པས། ཡུལ་དེའི་སྲིད་གཞུང་གིས་གནས་སྤོས་མང་ཚོགས་ཚོར་ཡུལ་སྐོར་བར་ཉེ་འགྲམ་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད། འདོད་མོས་ཡོད་མཁན་གཞོན་ནུར་ཡུལ་དེས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་བྱེད་པ་མ་ཟད། འབྲེལ་ཡོད་ཀྱི་ལས་ཞུགས་ལས་གནས་འོས་སྦྱོར་བྱེད་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།