འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་ངོ་མས་བོད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་།

    —— ཨ་རིའི“པོར་ཏེ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གྱི་རྣམ་གྲངས”ཀྱི་སྤྱི་ཁྱབ་པིར་·ཝོ་ནུ་ཁོའོ་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་29ཡི་རིང་ཁོང་གིས་ཀྲུང་གོའི་བོད་ལྗོངས་ལ་འཚམས་འདྲི་ཐེངས་17དང་སི་ཁྲོན་བོད་རིགས་ས་ཁུལ་དུ་འཚམས་འདྲི་ཐེངས་5བྱས་པ་དང་། ཁོང་གིས་ཨ་རིའི་རིགས་གཅིག་མཁས་ཅན་གྱི་སྣེ་འཁྲིད་ནས་ལྷ་སའི་སྨན་ཁང་དུ་སྤེལ་རེས་བྱས་པ་དང་ཐག་རིང་ལུང་ཁུག་ས་ཁུལ་དུ་བསྐྱོད་ནས་ནད་གཞི་ཕོག་པའི་ཕྲུ་གུར་སྨན་བཅོས་བྱས་པ། ཁོང་གིས་ཨ་རིའི་ལས་རིགས་ཁག་གི་མི་སྣར་བོད་མི་དམངས་ཀྱི་འཚོ་བ་དངོས་ངོ་སྤྲོད་བྱས་པ་དང་འབྲེལ་སྡེ་ཁུལ་ནང་ཞལ་འདེབས་བསྡུ་བའི་བྱེད་སྒོ་སྤེལ་ཡོད།
         ཁོང་གི་མིང་ལ་པིར་·ཝོ་ནུ་ཁོའོ་ཟེར་བ་དང་། ཨ་རིའི་ཁ་ལོ་ལ་ཏོ་ཀྲོའུ་པོར་ཏེ་གྲོང་ཁྱེར་གྱི“པོར་ཏེ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གྱི་རྣམ་གྲངས”ཀྱི་སྤྱི་ཁྱབ་རེད། ཉིན་ཤས་གོང་། ཝོ་ནུ་ཁོའོ་ཡིས་པོར་ཏེ་གྲོང་ཁྱེར་གྱི་གྲོང་སྲིད་ཐིང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྩེ་སེམས་ཟབ་མོའི་སྒོ་ནས་རང་ཉིད་ཀྱི་མིག་ནང་བོད་ལྗོངས་ཀྱི་འཕོ་འགྱུར་དང་རང་ཉིད་ཀྱིས་བོད་ལྗོངས་ལ་བཅངས་པའི་བརྩེ་སེམས་ལྷུག་པོར་བརྗོད་ཡོད།
         ཝོ་ནུ་ཁོའོ་ཡིས“བོད་ལྗོངས་ལ་འགྱུར་ལྡོག་འགྲོ་བཞིན་འདུག གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་འདུག འདས་ཟིན་པའི་ལོ་29ཡི་རིང་རང་ངོ་མས་བོད་ལྗོངས་ཀྱི་འཕེལ་རྒྱས་ཆེན་པོ་མིག་མཐོང་ལག་ཟིན་བྱུང་། ད་དུང་ལྷ་ས་དང་ལྷ་སའི་ཉེ་འཁོར་ཁུལ་སྔར་བས་དེང་རབས་ཅན་དུ་གྱུར་འདུག དེས་མ་ཚད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཚང་མར་ལེགས་བཅོས་ཆེན་པོ་བྱུང་འདུག”ཅེས་བརྗོད་པ་རེད།
         ཁོང་གིས“བོད་ལྗོངས་སུ་མི་འགྱུར་རྟག་བརྟན་དུ་གནས་པ་ནི་མི་དམངས་ཀྱི་མཛའ་མཐུན་དང་གཞུང་དྲང་བབ་ཆགས་དེ་རེད། 1988ལོར་རང་ཉིད་ལྷ་སར་ཐེངས་དང་པོ་སླེབས་སྐབས་ང་རང་ས་ཆ་དེ་གའི་མི་དམངས་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། ཁོང་ཚོས་ང་ལ་ལོ་དེ་དག་རིང་པོར་ཏེ་གྲོང་ཁྱེར་དང་བོད་ལྗོངས་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སྐུལ་ལྕག་བྱས་བྱུང”ཞེས་བརྗོད་པ་རེད།
         ལྷ་ས་གྲོང་ཁྱེར་དང་པོར་ཏེ་གྲོང་ཁྱེར་ལ་འདྲ་བའི་ཆ་ཞིག་ཡོད་པ་སྟེ། གཉིས་ཀར་མཐོ་ཞིང་བརྗིད་ཆགས་ཀྱི་གངས་རི་དང་སེམས་རྩ་འཁོལ་ཞིང་མཛའ་མཐུན་ལྡན་པའི་མི་དམངས་ཡོད། ཕྱོགས་གཉིས་པོས་1987ལོར་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་བཙུགས་ཡོད།
        ལོ་དེ་དག་རིང་བོད་ལྗོངས་ཀྱི་འཕྲོད་བསྟེན་བྱ་གཞག་ལ་འཕེལ་རྒྱས་བྱུང་ལུགས་ཝོ་ནུ་ཁོའོ་ཡིས་སེམས་ནང་བརྟན་པོ་ངེས་ཡོད་ཅིང་། ཁོང་གིས“1990ལོར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་ནད་ཁང་ཐོག་གཅིག་མ་རྙིང་པ་ཤ་སྟག་རེད། ཉེ་བའི་ལོ་ཤས་རིང་ངས་སླར་ཡང་སྨན་ཁང་དེར་འཚམས་འདྲི་བྱེད་སྐབས་དེ་ཁུལ་དུ་དེང་རབས་ཅན་གྱི་ནད་ཁང་གསར་པ་བསྐྲུན་པ་ཤེས་རྟོགས་ཐུབ་བྱུང་། ཀྲུང་གོའི་ནང་སའི་རོགས་རམ་ཡོད་པས་བོད་ལྗོངས་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད། ཅང་སུའུ་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ད་དུང་ནང་སའི་རིགས་གཅིག་མཁས་ཅན་མི་ཉུང་བ་ཞིག་གིས་དེ་གར་ས་ཆ་དེ་གའི་སྨན་དོན་མི་སྣར་གསོ་སྦྱོང་བྱེད་བཞིན་ཡོད་པ་ཤེས་བྱུང”ཞེས་བརྗོད་པ་རེད།
        ཝོ་ནུ་ཁོའོ་ཡིས“པོར་ཏེ་དང་ལྷ་སའི་གཅེན་གཅུང་གྲོང་ཁྱེར་གྱི་རྣམ་གྲངས”དེ་ཀྲུང་གོའི་བོད་རིགས་ས་ཁུལ་དུ་རྣམ་གྲངས་8ལེགས་གྲུབ་བྱུང་ཡོད། མང་ཆེ་བ་སྨན་བཅོས་འཕྲོད་བསྟེན་གྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད། མ་དངུལ་མང་ཆེ་བ་པོར་ཏེ་གྲོང་ཁྱེར་གྱི་དམངས་ཚོགས་དང་སྒྲིག་གཞིས་རང་མོས་ངང་ཞལ་འདེབས་ཕུལ་བ་ཞིག་ཡིན། ང་རང་དང་རྣམ་གྲངས་ཀྱི་དང་བླངས་པས་རྟག་ཏུ་སྦྲག་ཐོག་བསྐུར་དངོས་དང་། འཕྲིན་གཏོང་། ཁ་པར། ཞལ་འདེབས་གསོལ་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་པོར་ཏེ་གྲོང་ཁྱེར་གྱི་གྲོང་མིར་དེང་སྐབས་བོད་ལྗོངས་ཀྱི་འཕོ་འགྱུར་ངོ་སྤྲོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         ཝོ་ནུ་ཁོའོ་ཡིས་འབད་བརྩོན་བྱས་པར་པོར་ཏེ་གྲོང་ཁྱེར་གྱི་དམངས་ཚོགས་དང་གྲོང་ཁྱེར་སྲིད་གཞུང་གི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད། པོར་ཏེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཟུར་པ་ཤའོ་ཨེན་·མའེ་ཀོ་ལ་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་གཅེན་གཅུང་གྲོང་ཁྱེར་དབར་སྤེལ་རེས་བྱས་པ་བརྒྱུད་པོར་ཏེ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གཉིས་དབར་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་ཐེབས་ཡོད། ཝོ་ནུ་ཁོའོ་ཡིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རྣམ་གྲངས་དེར་པོར་ཏེ་གྲོང་ཁྱེར་གྱི་ལས་རིགས་ཁག་གི་མི་སྣའི་རྒྱབ་སྐྱོར་ཐོབ་ནས་ཕྱོགས་གཉིས་པོའི་མཛའ་གྲོགས་ལ་དམངས་འདོད་ཀྱི་རྨང་གཞི་ཡག་པོ་བཏིང་ཡོད་ཅེས་བརྗོད་པ་རེད།
         ཟླ་འདིའི་ཟླ་དཀྱིལ་དུ་ཝོ་ནུ་ཁོའོ་ཡིས་ཀྲུང་གོའི་བོད་རིགས་ས་ཁུལ་དུ་འཚམས་འདྲི་ཐེངས་23པ་བྱེད་འགོ་བཙུགས། “པོར་ཏེ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གྱི་རྣམ་གྲངས”ལ་ཨ་སྒོར་ཁྲི་3ལྷག་ཙམ་བསྡུ་རུབ་ཐུབ་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི་བྱིས་པ་སློབ་ཕྲུག་བཅུ་གྲངས་ལ་སྨན་བཅོས་བརྟག་དཔྱད་བྱ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།