འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སའི་གྲོང་མིས་པེ་ཅིང་གྲོང་ཁྱེར་གྱི་འཛིན་མའི་ཁྱོན་ལ་སྔོ་ལྗང་གི་མཛེས་རྒྱན་སྤྲས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་1ཉིན། དཔྱིད་རླུང་དལ་གྱིས་ལྡང་བས་ན། སྔོ་ལྗང་ཡལ་འདབ་རྒྱས་འགོ་ཚུགས། པེ་ཅིང་དུ་དམངས་ཡོངས་ཀྱིས་འོས་འགན་ཤིང་འཛུགས་ཉིན་མོ་ཐེངས་32པ་ཤར་བ་དང་། རྒྱལ་སའི་གྲོང་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་ཁྱིམ་ནས་ཐོན་ཏེ་ཤིང་འཛུགས་པ་དང་། མེ་ཏོག་འདེབས་པ། ནགས་ཤིང་ལ་གཡོག་བྱེད་པ། སྤང་ལྗོངས་གཙང་མ་བཟོ་བ་། ལྗོན་ཤིང་འདེབས་རྒྱུ་ཁས་ལེན། དམངས་ཡོངས་ཀྱིས་མཉམ་དུ་ལག་པ་འགུལ་བ་བཅས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ། ཤིང་འཛུགས་ཀྱི་འོས་འགན་བསྒྲུབས་ཤིང་། མཛེས་སྡུག་ལྡན་པའི་པེ་ཅིང་འཛུགས་སྐྲུན་བྱེད་ཆེད་ཤིང་འཛུགས་ནགས་གསོའི་ལས་ལ་ཧུར་ཐག་ཞུགས་པ་རེད།
         རྒྱལ་སའི་གྲོང་མིའི་སྔོ་ལྗང་ཅན་དང་མཛེས་བཟོ་ཅན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་འོས་འགན་ཤིང་འཛུགས་ཀྱི་འགན་འཁྲི་འཁུར་བའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་བྱ་ཐབས་སྣ་ཚོགས་བརྒྱུད་ནས་ཉེ་འགྲམ་ཁོར་ཡུག་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་པའི་བྱེད་སྒོར་ཞུགས་པ་རེད། གྲོང་ཤར་ཆུས་ཀྱི་ལས་བྱེད་མང་ཚོགས་རྣམས་ཞོགས་པ་སྔ་པོ་ནས་ཏ་ཐུང་པིང་ཧོ་སྤྱི་གླིང་ནང་ཡོང་སྟེ་སྡོང་ཁུང་དྲུས་ཏེ་ཤིང་འཛུགས་ནགས་གསོ་བྱས་པས། དེ་སྔོན་གྱི་སྡོད་ཁང་སྐྱོ་ཁུལ་དེ་ཉིད་ཡུལ་ལྗོངས་ལྟ་ན་སྡུག་པ་དང་བྱེད་ནུས་ཕུན་སུམ་ཚོགས་པའི་གྲོང་ཁྱེར་སྤྱི་གླིང་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད། སྨི་ཡུན་གྱིས་ཆུས་ཀྱི་ལས་བྱེད་མང་ཚོགས་1600ལྷག་ཙམ་གྱིས་པུའུ་ལའོ་ཏུན་གྲོང་རྡལ་ཧོང་ཐུའུ་ཁན་གྲོང་ཚོར་གནས་པའི་སྨི་ཡུན་ཆུ་མཛོད་ཁུལ་དུ་སྡོང་ཕྲུག་5000ལྷག་ཙམ་བཙུགས་ནས་རྒྱལ་སའི་ཚེ་སྲོག་འབྱུང་གནས་ཀྱི་ཆུ་བོ་སྲུང་སྐྱོང་དང་སྣོད་བཅུད་ཁྱིམ་གཞིས་བསྐྲུན་ཆེད་ལྗང་མདོག་གི་རང་བྱུང་གི་སྲུང་ཡོལ་ཞིག་བཏོད་ཡོད་པ་རེད། ཧྥང་ཧྲན་ཆུས་ཀྱིས་འོས་འགན་ཤིང་འཛུགས་དང་གྲོང་གསེབ་ཀྱི“ཉེ་འགྲམ་ལྔ”སྔོ་ལྗང་ཅན་དུ་འགྱུར་རྒྱུ་དང་ཟུང་འབྲེལ་བྱས་ཏེ། སྲིད་གཞུང་ནས་སྡོང་ཕྲུག་མཁོ་འདོན་དང་གྲོང་ཚོ་ཁག་གི་གྲོང་མིས་ས་ཁོད་སྙོམས་པ་དང་། ས་དོང་འདྲུ་བ། ཤིང་འཛུགས་པ་བཅས་བྱས་པས། ཁྱིམ་གཞིས་མཛེས་སྡུག་ལྡན་པར་གྱུར་ཡོད་ལ། ཞིང་པས་ཤིང་འཛུགས་འོས་འགན་གྱི་འགན་འཁྲི་འཁུར་ཚད་ཀྱང་མཐོ་རུ་ཆེས་ཆེར་ཕྱིན་ཡོད་པ་རེད། ཧྲུན་དབྱི་ཆུས་ཀྱིས་ཁྲོམ་གཞུང་5དང་སྡེ་ཁུལ་8དུ“ཁྱིམ་ཚང་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་པའི”བྱེད་སྒོར་སྐུལ་འདེད་བཏང་སྟེ། སྡེ་ཁུལ་དུ་སྔོ་ལྗང་ཅན་གྱི་འཆད་ཁྲིད་དང་རིན་མེད་ངང་སྔོ་ལྗང་ལྗོན་ཤིང་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། སྡེ་ཁུལ་གྱི་གྲོང་མིས་ཁྱིམ་ཚང་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་པ་ནས་འགོ་བརྩམས་ཏེ་ཉེ་འགྲམ་ཁོར་ཡུག་སྔོ་ལྗང་ཅན་དུ་འགྱུར་རྒྱུའི་སྐུལ་སློང་བྱས་པ་རེད། ཕིང་ཀུའུ་ཆུས་ཀྱིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་པའི་གོ་སྐབས་དམ་འཛིན་བྱས་ཏེ། གསར་འགྱུར་དང་། དྲ་རྒྱ། རླུང་འཕྲིན། སྐད་འཕྲིན་གྱི་སྤྱི་རྟགས་སོགས་བརྒྱུད་ནས་འོས་འགན་ཤིང་འཛུགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རྒྱུ་བཏང་ནས། ཆུས་ཡོངས་སུ“ལྗོན་ཤིང་འཛུགས་པ་དང་། སྔོ་ལྗང་སྲུང་སྐྱོང་བྱེད་པ། སྔོ་ལྗང་ལ་གཅེས་སྤྲས་བྱེད་པ་བཅས”ཀྱི་སྣོད་བཅུད་ཤེས་དཔལ་གྱི་སྲོལ་བཟང་གསར་པ་ཞིག་བཏོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།