འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།འདས་པའི་ལོ་ཟླ་མ་བརྗེད་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ།

    —— སྤྱི་ཚོགས་ལས་རིགས་ཁག་གིས་རྣམ་པ་འདྲ་མིན་ཐོག་ནས་སྔོན་གཤེགས་དཔའ་བོར་འདས་མཆོད་བྱས་པ་དང་གཉེན་ཉེར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དྭངས་གསལ་དུས་ཚིགས་སྐབས་སྦྲང་ཆར་ཟིལ་མས་ལམ་དུ་འགྲོ་མིའི་ཡིད་བློང་བློང་པོར་གྱུར། དྭངས་གསལ་དུས་ཚིགས་གཏོང་སྲོལ་ནི་རང་རྒྱལ་གྱི་སྲོལ་རྒྱུན་དུས་ཆེན་གལ་ཆེན་གྲས་ཤིག་ཡིན། ཉིན་དེར་མི་རྣམས་ཀྱིས་རྣམ་པ་འདྲ་མིན་ཐོག་ནས་སྔོན་གཤེགས་དཔའ་བོ་དང་མེས་པོར་རྗེས་དྲན་ཞུས་ནས་འདས་པའི་ལོ་ཟླར་དྲན་གསོ་ཞུ་བཞིན་མཆིས།
         “ད་རེས་ང་ཚོས་སྔོན་གཤེགས་དཔའ་བོར་འདས་མཆོད་བྱེད་པ་ནི་ལོ་རྒྱུས་མི་བརྗེད་པ་དང་ཞི་བདེར་གཅེས་སྤྲས་བྱས་ནས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བར་འབད་བརྩོན་བྱེད་དགོས་ལུགས་སྟོན་པའི་ཆེད་དུ་ཡིན”ཞེས་ལོ་92ལ་སླེབས་པའི་རི་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་ལུའུ་ཚའེ་ཝུན་གྱིས་ཚེས་2ཉིན་སྔ་པོ་ནས་ཡུན་ནན་ཞིང་ཆེན་ཐེང་ཁྲུང་གྲོང་ཁྱེར་གྱི་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་ཤོར་བའི་མིའི་བང་སོ་ཁང་དུ་ཡོང་ནས་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱེད་མྱོང་བའི་འཐབ་གྲོགས་ལ་ཕྱིར་དྲན་གྱིས་མིག་ཆུ་དབང་མེད་ཤོར་བཞིན་དུ་དེ་ལྟར་བཤད།
         ཉིན་ཤས་ནང་ཡུན་ནན་ཐེང་ཁྲུང་གི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དང་། རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་ཤོར་བའི་མིའི་བང་སོ་ཁང་གིས་དྭངས་གསལ་དུས་ཚིགས་སྐབས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་ཀྱི་བྱེད་སྒོ་སྤེལ་བར་ཐེང་ཁྲུང་གྲོང་ཁྱེར་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཧུར་ཐག་ངང་ཞུགས་ཤིང་། ཟླ་3ཚེས་31ནས་ཟླ་4ཚེས་2ཉིན་བར་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་ཤོར་བའི་མིའི་བང་སོ་ཁང་དུ་འདས་མཆོད་བྱེད་པར་ཡོང་མཁན་ཁྲི་2ལྷག་ཟིན་ཡོད་ཅེས་ཡུན་ནན་ནུབ་རྒྱུད་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་ལས་དོན་པ་དབྱང་ཧྲུའུ་ཅོན་གྱིས་དེ་ལྟར་བཤད།
         ཐེང་ཁྲུང་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་ཤོར་བའི་མིའི་སོ་ཁང་དེ་1944ལོའི་ལོ་མཇུག་ཏུ་བརྒྱབ་པ་དང་ཀྲུང་གོའི་རྒྱང་སྐྱོད་དམག་གི་འབུམ་ཤོག་ཆེན་མོ་ཉི་ཤུ་པས་ཐེང་ཁྲུང་ཚུར་ལེན་པའི་ནང་སྐུ་གཤེགས་པའི་དཔོན་དམག་ལ་བཞེངས་པའི་བང་སོ་ཞིག་ཡིན་པ་མ་ཟད། ཀྲུང་གོའི་རི་འགོག་དམག་འཁྲུག་ནང་སྐུ་གཤེགས་པའི་དཔའ་བོའི་བང་སོ་ཉར་ཚགས་ཅུང་ཆ་ཚང་བ་ཞིག་ཀྱང་རེད། དེར་དུར་བྱང་3346བཙུགས་ཡོད།
         དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་། བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་སོང་ཞིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཚན་པ་དང་སློབ་གྲྭ་འབྲིང་ཆུང་ཁག་གིས་ལས་བཟོ་དང་སློབ་ཕྲུག་སྒྲིག་འཛུགས་བྱས་ནས་ལྟ་སྐོར་བྱེད་པར་གཅིག་མཇུག་གཉིས་མཐུད་ངང་ཡོང་ཡོད།
        “འབུ་ཕྲའི་དམག་འཁྲུག་ནང་འདས་གྲོངས་སུ་སོང་བའི་དམངས་ཚོགས་ཀྱི་དྲན་གསོའི་རྡོ་རིང”མདུན་ཚོན་མདོག་སེར་པོ་དང་དཀར་པོ་སྡེབ་པའི་ལུག་མིག་མེ་ཏོག་ཆུན་པོ་མང་པོ་ཕུལ་ཡོད། ཚེས་3ཉིན་གྱི་སྔ་དྲོར་རྒྱལ་ནང་གི་ས་ཆ་མང་པོ་ནས་ཡོང་བའི་མང་ཚོགས་བརྒྱ་ཚོ་ཀྲུང་གོར་བཙན་འཛུལ་རི་པིན་དམག་གི་འབུ་ཕྲའི་དམག་འཁྲུག་ཆུས་ཀྲོའུ་འགྲེམས་སྟོན་ཁང་དུ་འཛོམས་ནས་་འདས་གྲོངས་སུ་སོང་བའི་སྤུན་ཟླར་མྱ་ངན་ཞུས་ཏེ་ཁྲག་དྲོན་གྱི་ལོ་རྒྱུས་ལ་རྗེས་དྲན་ཞུས་པ་རེད།
         ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་ནི་ཀྲུང་གོར་བཙན་འཛུལ་རི་པིན་དམག་གིས་འབུ་ཕྲའི་དམག་འཁྲུག་གི་གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཆ་ཞིག་ཡིན། སྔ་ཕྱིར་མི་ཁྲི་5ལྷག་འདས་གྲོངས་སུ་སོང་ཡོད། སྒོ་རྟགས་5པ་ཡིན་པའི་གྲོང་ཁུལ་གྱི་དགྲ་བཅོམ་ཁྲོན་པའི་འགྲེམས་སྟོན་ཁང་ནི་སྐབས་དེའི་འདས་གྲོངས་སུ་སོང་མཁན་གྱི་སྡོད་ས་ཡིན་ཞིང་། 1940ལོའི་ཟླ་10པར་རི་པིན་གྱིས་ཆུས་ཀྲོའུ་ལ་འབུ་ཕྲའི་གོ་མཚོན་དབྱུགས་ནས་ཁྱིམ་གྱི་བདག་མོ་ཧོང་མེས་ཧྲིར་ནད་དུག་འགོས་ནས་ཞེ་འཁོན་ཆེན་པོས་འདས་པ་རེད། 2005ལོའི་དྭངས་གསལ་དུས་ཚིགས་སྐབས་འགྲེམས་སྟོན་ཁང་བཙུགས་ནས་སྒོ་ཕྱེ་བ་དང་། 2008ལོའི་ཟླ་9ཚེས་18ཉིན་འགྲེམས་སྟོན་ཁང་བཟོ་བཅོས་བྱས་ནས་བསྐྱར་དུ་སྒོ་ཕྱེ་བ་རེད།
         དྭངས་གསལ་དུས་ཚིགས་རིང་། ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་ཧུང་ལན་བང་སོ་ཁང་དུ་ཡོང་མཁན་ཇེ་མང་དུ་སོང་ཞིང་། དེར་བང་སོ་ཁང་གཞན་དང་མི་འདྲ་བར་འདས་མཆོད་བྱེད་མཁན་གྱིས་ཤོག་དངུལ་དང་། ཤོག་སྦག འགྱིག་གི་མེ་ཏོག་སོགས་མི་འཁྱེར་བར་ཆུ་ཟོམ་དང་། ཇེམ་ཙེ། སྦྱག་མ་བཅས་ཁྱེར་ནས་གཉེན་ཉེའི་པུར་ཐལ་སྦས་པའི་ས་སྟེང་ལ་སྐྱེས་པའི་རྩྭ་དང་ཤིང་ལ་ཆུ་གཏོང་བ་དང་། ཡལ་གཅོད་རྒྱག་པ། ས་ཁོད་སྙོམས་པ་བཅས་བྱས་པ་དང་། ད་དུང་མི་མང་པོས་མེ་ཏོག་འདེབས་ཞོར་གླུ་ཡང་ལེན་བཞིན་དྲན་སེམས་མཚོན་པར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།