འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་ཞིང་བྲན་ཁྲི་ཚོ་བརྒྱར་
    བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་ཞིང་བྲན་ཁྲི་ཚོ་བརྒྱར་
བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ།
             མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། ཉིན་ཤས་བསྟུད་མར་བོད་ཀྱི་ས་ཁུལ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་དང་དེ་སྔ་དང་མི་འདྲ་བར་འདི་ལོ་བོད་ཀྱིས་ལྗོངས་ཡོངས་སུ་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས་དྲན་གསོའི་ཉིན་མོར་དོན་སྙིང་གསར་པ་བསྣན་པ་རེད།
              ཚེས་28ཉིན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་གཉེར་བ་དང་ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་3000ལྷག་ཙམ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་རེད།
            1950ལོར་སྐྱེས་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་བཀྲ་པོས“ང་ལོ་8བར་ཞིང་བྲན་གྱི་འཚོ་བ་སྐྱེལ་མྱོང་ཞིང་སྐབས་དེར་སྡོད་སའི་ཁང་པ་མེད་པ་དང་། ཟས་ཀྱིས་གྲོད་པ་མི་རྒྱགས་པ། གོས་ཀྱིས་ལུས་པོ་དྲོས་ཀྱི་མེད། ད་ལྟའི་འཚོ་བ་དང་བསྡུར་ཐབས་མེད”ཅེས་བཤད། དེ་སྔ་ཉིང་ཁྲིར་འཚོ་བ་བསྐྱལ་བའི་རྒད་པོ་བཀྲ་པོས་སྔོན་ཆད་ཉིང་ཁྲི་ནས་ལྷ་སར་གོམ་པ་བརྒྱབ་ནས་འགྲོ་དགོས་པས་ལམ་དུ་ཟླ་བ་གཅིག་ནས་གཉིས་བར་འགོར་གྱི་ཡོད། ད་ཆ་གྲོང་ཚོ་དང་ཤང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པས་ཉིང་ཁྲི་ནས་ལྷ་སར་བསྐྱོད་པར་ཆུ་ཚོད་གསུམ་བཞི་ཙམ་ལས་འགོར་གྱི་མེད། ངས་དུས་རྒྱུན་ནས་ཕྲུ་གུ་ཚོར་དེང་གི་འཚོ་བ་ནི་བདེ་སྐྱིད་ཡིན་པ་རྟོགས་དགོས་པ་དང“ཁྱེད་ཚོ་ནི་བསོད་ནམས་ཆེ་བའི་མི་རབས་ཤིག་དང་བདེ་སྐྱིད་ལྡན་པའི་མི་རབས་ཤིག་ཡིན་པས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པའི་གནས་ལུགས་རྟོགས་པར་བྱེད་དགོས”ཞེས་ཤོད་ཀྱི་ཡོད་ཅེས་བཤད།
             ཚེས་27ཉིན་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས“‘སྣང་ཆེན་བཞི་དང་དགའ་ཞེན་བཞི’·མཚོ་སྨད་ལ་བསྟོད་པའི”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་དང་རྫོང་དེ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་དང་། ཞིང་འབྲོག་མང་ཚོགས། སློབ་གྲྭ་འབྲིང་ཆུང་གི་སློབ་མ་བཅས་སྒྲིག་འཛུགས་བྱས་ནས་གླུ་གར་དང་། གཏམ་བཤད། སྙན་ཞུའི་ཚོགས་འདུ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་རེད།
            གཞིས་རྩེ་གྲོང་ཁྱེར་འགྲམ་ཁུལ་ཆུང་དུ་ཡུལ་དེའི་མི་རིགས་སྒྱུ་རྩལ་ཚོགས་པ་དང་། མང་ཚོགས་སྒྱུ་རྩལ་ཁང་རྒན་རྒོན་གླུ་གཞས་མཉམ་གཏོང་ཚོགས་པ། དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོགས་ཀྱིས་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་རྟེན་འབྲེལ་ཞུས་ཤིང་། གཞིས་རྩེའི་མཐའ་སྲུང་ཉིང་ལག་རུ་ཁག་གིས་ད་དུང་དཔོན་དམག་སྒྲིག་འཛུགས་བྱས་ཏེ་འབྲས་དང་། གྲོ་ཞིབ། ཟས་ཀྲིན་བཅས་འཁྱེར་ནས་གྲོང་ཁྱེར་རྒན་གསོ་ཁང་ལ་གཅེས་སེམས་མཚོན་པར་བྱས་པ་མ་ཟད། རྒན་རྒོན་ཚོར་ཁྲག་ཤེད་དང་ལུས་པོའི་དྲོད་ཚད་འཇལ་ཏེ་འོས་འགན་སྐོར་ཞིབ་སྨན་བཅོས་བྱས་པ་རེད།
             ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། སྲིད་གྲོས་ཨུ་ཡོན་གྱི་འཐུས་མི་དང་། སྲིད་གྲོས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བརྒྱབ་མཁན་ལས་བྱེད་པ་རྒན་གྲས། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས། བོད་རྙིང་པའི་ཆེས་གདུག་རྩུབ་དང་། ཆེས་རྗེས་ལུས། ཆེས་མུན་ནག་གི་ལོ་རྒྱུས་ལ་ཕྱིར་དྲན་དང་། གུང་ཁྲན་ཏང་གི་མཁས་མཛངས་ལྡན་པ་དང་རླབས་ཆེན་གྱི་མཛད་རྗེས་ལ་བརྩེ་སེམས་ཟབ་མོས་བསྟོད་གླུ་བླངས་པ། བོད་ལྗོངས་གསར་པ་དང་ཆབ་མདོ་གསར་པའི་འཕེལ་རྒྱས་ཡར་ཐོན་གྱི་འཕོ་འགྱུར་ཆེན་པོར་སྙིང་དབུས་ནས་བསྔགས་བརྗོད་བྱས་ནས་ཏང་གི་བཀའ་དྲིན་ཚོར་སེམས་དང་མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱེད་པའི་འདུན་པ་བཟང་པོ་དང་དད་སེམས་བརྟན་པོ་གང་ལེགས་མཚོན་པར་བྱས་པ་རེད།
              ས་བབ་མཐོ་ཚད་སྨི་4700ཡོད་པའི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་དར་དང་། ཁ་བཏགས། མེ་ཏོག་སོས་པ་བཅས་གཡུག་གཡུག་བྱེད་བཞིན་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་སྤེལ་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།