འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཚོད་འཛིན་བརྟན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་ཟླ་3ཚེས་27ཉིན་ཉེ་དུས་རྒྱུན་མཐུད་ངང་ཐོན་པའི་བདེ་འཇགས་ཐོན་སྐྱེད་གནད་དོན་སྐོར་ཛ་དྲག་བརྡ་ཁྱབ་བཏང་བ་རེད།
           ཉེ་དུས་ཧོ་ནན་དང་། ཀོང་ཏུང་། ནང་སོག་སོགས་སུ་ལྕགས་རིགས་གཏེར་རིའི་དུག་ཕོག་པ་དང་། འཛུགས་སྐྲུན་ལས་ཡུལ་རྡིབ་པ། གྲོང་མིའི་ཐོག་བརྩེགས་ཁང་ཆེན་འབར་གས་བྱུང་བ་སོགས་བདེ་འཇགས་ཀྱི་གནད་དོན་ཚབས་ཆེན་བསྟུད་མར་ཐོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། ཟླ་3ཚེས་24ཉིན། ཀྲུང་གོ་གསེར་ཚོགས་པ་ཧོ་ནན་ཆིན་ལིང་གསེར་གཏེར་ཀུང་སིའི་དབྱང་ཀྲའེ་ཡུས་གཏེར་ཁུལ་དུ་དུག་ཕོག་པའི་དོན་རྐྱེན་ཐོན་ཏེ་མི་9རྐྱེན་ལམ་དུ་ཤོར་བ་དང་མི་2ལ་རྨས་སྐྱོན་ཕོག་པ་མ་ཟད། གཏེར་ཁུལ་དེའི་ཉེ་འགྲམ་དུ་གནས་པའི་ལིང་པའོ་ཅིན་ཡོན་མ་རྐང་ཚད་ཡོད་ཀུང་སིའི་1208གཏེར་ཁྲོན་དུ་མི་2རྐྱེན་ལམ་དུ་ཤོར་བ་དང་མི་4ལ་རྨས་སྐྱོན་ཕོག་ཡོད། ཟླ་3ཚེས་25ཉིན། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཐོན་ཁུངས་ཚ་ནུས་གློག་ཁང་བདུན་པའི་ཨར་ལས་བྱ་ཡུལ་དུ་ལས་སྒྲོམ་རྡིབ་པའི་དོན་རྐྱེན་ཐོན་ནས་མི་9རྐྱེན་ལམ་དུ་ཤོར་བ་དང་མི་2ལ་རྨས་སྐྱོན་ཕོག་ཡོད། ཉིན་དེ་རང་དུ་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་ཐུའུ་ཡིའུ་ཆི་ཀུའུ་མོན་གྲོང་རྡལ་པེ་ཀྲེ་ཐུའུ་གྲོང་ཚོའི་ཤང་གཡང་ཁུལ་ཆུང་གི་གྲོང་མིའི་ཐོག་བརྩེགས་ཁང་ཆེན་ཞིག་ལ་འབར་གས་བྱུང་ནས་མི་5རྐྱེན་ལམ་དུ་ཤོར་བ་དང་མི་26ལ་རྨས་སྐྱོན་ཕོག་པའི་བརྡ་ཁྱབ་བཏང་ཡོད།
           བརྡ་ཁྱབ་ནང་ཞིང་ཆེན་རིམ་པ་ཁག་གི་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་རང་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་ཉེ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་ལ་གཅིག་སྡུད་ཐོག་དབྱེ་ཞིབ་དང་ནུས་རྒྱུ་དང་མ་བཅོས་རྒྱུ་ཆའི་རིན་གོང་འགྱུར་ལྡོག་དང་ཉེ་དུས་ཁེ་ལས་ཁག་གཅིག་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་བདེ་འཇགས་ཐོན་སྐྱེད་ཐད་ཛ་དྲག་འགྲན་སློང་འཕྲད་པར་ངོས་འཛིན་གང་ལེགས་བྱས་ཏེ་ས་ཁུལ་དེ་རང་གི་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་འཕེལ་ཕྱོགས་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་མིག་སྔའི་ལས་དོན་ཐད་གནས་པའི་ཉམས་ཞན་ལྷུ་ཚིགས་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དེ་མཚུངས་ཀྱི་བྱེད་ཐབས་སྤྱད་དེ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞན་ཆ་གསབ་ནས་མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཚོད་འཛིན་བརྟན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བརྡ་ཁྱབ་ནང་ས་ཁུལ་ཁག་གིས་ཟླ་4ཚེས་6ཉིན་གོང་དུས་བབ་དབྱེ་ཞིབ་དང་སྤྱད་པའི་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་ལ་སྙན་སེང་ཞུ་དགོས་ལུགས་ཁ་གསལ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།