འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་འཛམ་གླིང་གི་མྱུར་སྐྱེལ་ལས་སྒོ་སྤེལ་ཚད་མཐོ་རུ་སོང་བའི་ནང་ཀྲུང་གོའི་མྱུར་
    སྐྱེལ་གྱིས་ལེགས་སྐྱེས་ཕུལ་ཚད་60%ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་《2016ལོའི་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་སྐོར་གྱི་སྙན་ཞུ་》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་2016ལོའི་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་(CEDI)538.5ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་40.8%མཐོ་རུ་ཕྱིན་ཡོད། རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོ་སྤེལ་ཚད་མུ་མཐུད་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་ཤིང་། གོ་ལ་ཧྲིལ་པོའི་ནང་བཟུང་བའི་བསྡུར་གྲངས་བཅུ་ཆ་བཞི་ཡན་ཟིན་པ་དང་འཛམ་གླིང་གི་མྱུར་སྐྱེལ་ལས་སྒོ་སྤེལ་ཚད་འཕར་བའི་ནང་ལེགས་སྐྱེས་ཕུལ་ཚད་60%ཟིན་ནས་རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་མྱུར་སྐྱེལ་ཁྲོམ་ར་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕྲུལ་ཆས་གསར་པ་ཞིག་ཏུ་གྱུར་ཡོད་ཅེས་འཁོད་ཡོད་པ་རེད།
            འཕེལ་རྒྱས་ཀྱི་གཞི་ཁྱོན་སྟོན་གྲངས་མཐོ་རུ་མྱུར་པོ་ཕྱིན་ཞིང་། 2016ལོར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་གཞི་ཁྱོན་གྱི་སྟོན་གྲངས་1104.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་49.5%འཕར་ཡོད། འཕེལ་རྒྱས་མྱུར་པོ་ཕྱིན་པ་དེ་རིམ་པ་དང་པོའི་དམིགས་ཚད་བཞི་ནས་མངོན་ཐུབ་པ་སྟེ། མྱུར་སྐྱེལ་ལས་སྒོ་སྤེལ་ཚད་དུང་ཕྱུར་300ཡི་འགག་སྒོ་ལས་ཐེངས་དང་པོར་བརྒལ་ནས་བསྐུར་མ་དུང་ཕྱུར་312.8ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་51.4%འཕར་བའི་ཁར་དེང་རབས་ཞབས་ཞུའི་ལས་སྒོའི་མདུན་གྲལ་དུ་སླེབས་ནས་རང་རྒྱལ་གྱི་དཔལ་འབྱོར་གསར་པའི་བཀྲག་མདངས་འཚེར་སར་གྱུར་པ་དང་། ཉིན་རེར་ཆ་སྙོམས་བྱས་ན་མྱུར་སྐྱེལ་བསྐུར་མ་གཏོང་སྤྲོད་བྱེད་ཚད་ཁྲི་8571ཟིན་པ་དང་མང་ཤོས་སུ་བསྐུར་མ་གཏོང་སྤྲོད་བྱེད་ཚད་དུང་ཕྱུར་2.5ཟིན་པ། ཉིན་རེར་ཆ་སྙོམས་བྱས་ན་ཞབས་འདེགས་ཞུས་པའི་མི་ཐེངས་དུང་ཕྱུར་1.7ལྷག་ཙམ་ཟིན་པ་དང་ལོར་མི་རེས་ཆ་སྙོམས་བྱས་ན་མྱུར་སྐྱེལ་སྤྱོད་ཚད་23ཙམ་ཟིན་པ། 2016ལོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་4000ཙམ་ཟིན་པ་དེ་ལོ་གོང་མ་ལས་43.5%འཕར་བ་ནི་ལོ་གོང་མའི་དུས་མཚུངས་ཀྱི་རྒྱལ་ཁབ་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕེལ་རྒྱས་ཀྱི་ལྡབ་6ཡན་ཡིན་པ་བཅས་རེད། རང་རྒྱལ་དུ་ལོར་གཉེར་སྐྱོང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་300ལྷག་ཙམ་ཟིན་པའི་ཁེ་ལས་6དང་གཉེར་སྐྱོང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་100ལྷག་ཙམ་ཟིན་པའི་མྱུར་སྐྱེལ་སྤུས་རྟགས་ཁྱུ་ཚོགས་10ཆགས་ཡོད་པ་རེད།
            འཕེལ་རྒྱས་ཀྱི་ཁྱབ་གདལ་སྟོན་གྲངས་མུ་མཐུད་མཐོ་རུ་སོང་ཞིང་། 2016ལོར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་ཀྱི་ཁྱབ་གདལ་སྟོན་གྲངས་340.2ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་19.3%མཐོ་རུ་ཕྱིན་ཡོད། དྲ་ཚིགས་ཀྱི་མི་འབོར་འདུས་ཚད་2010ལོའི་མི་ཁྲི་བཅུར་མྱུར་སྐྱེལ་དྲ་ཚིགས་4.8ནས་2016ལོའི་མི་ཁྲི་བཅུར་མྱུར་སྐྱེལ་དྲ་ཚིགས་15བར་མང་དུ་སོང་བ་དང་དྲ་ཚིགས་ཀྱི་རྒྱ་ཁྱོན་འདུས་ཚད་2010ལོའི་སྤྱི་ལེ་ངོས་གྲུ་སྟོང་རེར་མྱུར་སྐྱེལ་དྲ་ཚིགས་6.7ནས་2016ལོའི་སྤྱི་ལེ་ངོས་གྲུ་སྟོང་རེར་མྱུར་སྐྱེལ་དྲ་ཚིགས་19.1བར་མང་དུ་སོང་ཡོད། 2016ལོར་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་དེས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས་5.3‰འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་སྟོང་ཆའི་གྲངས་1.2འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།