འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་མ་འཇོག་གི་གྲུབ་ཆ་ལེགས་སུ་བཏང་ནས་ལས་རིགས་བཅུའི་ཆེད་
    དོན་དབུལ་སྒྲོལ་བྱ་སྤྱོད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་04ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་སྤྱི་པའི་ཞབས་ཞུ་ནི་ས་ཁུལ་དབུལ་པོའི་ཞན་ཆ་ཆེ་ཤོས་ཡིན་ལ། ས་ཁུལ་འཕེལ་རྒྱས་དང་ཞིང་པར་འབབ་འཕར་ཡོང་རྒྱུར་ཚོད་འཛིན་བཟོ་བའི་འགག་རྩའི་རྒྱུ་རྐྱེན་ཀྱང་ཡིན་སྟབས། མི་འདང་ས་དེ་གསབ་ཚེ་གཞི་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གཏིང་ཤུགས་ཆེ་རུ་གཏོང་ཐུབ”ཅེས་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོག་མའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་འགན་ལེན་བྱེད་ཆེད། 2016ལོའི་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་མ་འཇོག་གི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་དང་། མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རིགས་བཅུའི་ཆེད་དོན་བྱ་སྤྱོད་ཇུས་གཞིར་སྐུལ་འདེད་ཤུགས་ཆེན་གཏོང་བ། ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ནུས་ལྡན་གཏོང་བ་བཅས་བྱས་ནས་སྤྱི་པའི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་བཏང་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ཟླ་11པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་65བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་5500གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་། དམངས་ཕན་ཟམ་པ་190བསྐྲུན་པ། དུད་ཚང་ཁྲི་1.14ལ་ཁྱིམ་ཚང་དབུལ་པོའི་ཉེན་ཡོད་ཁང་པ་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་ནས་བསྐྲུན་པ། གྲོང་ཚོ་དབུལ་པོ་312ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་དང་། གྲོང་ཚོ་དབུལ་པོ་108ཀྱི་གློག་དྲ་སྒྱུར་བཀོད་ཀྱི་ལས་གྲྭ གྲོང་ཚོ་དབུལ་པོ་151གི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ལྟེ་བའི་རྣམ་གྲངས། རྫོང་7གྱི་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་བཅས་ལག་ལེན་བསྟར་འགོ་ཚུགས་ཡོད་པ་རེད།
        གཞན་ཡང་། དབང་པོ་སྐྱོན་ཅན་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གཏིང་ཟབ་སྤེལ་ནས་ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་ཁྲི་2.05ཚང་མ་གནད་སྨིན་དབུལ་སྐྱོར་གྱི་ཁྱབ་ཁོངས་ནང་བཅུག་པ་དང་། དབུལ་སྒྲོལ་འགག་སྒྲོལ་བྱ་སྤྱོད་ཀྱི་འཆར་གཞིའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་ཚད་གཞི་དམའ་ཤོས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཚབ་སྐྱེལ་བྱས་ནས་འགན་ལེན་བྱེད་དགོས་རིགས་འགན་ལེན་ཐུབ་པ་དང་། དབང་པོ་སྐྱོན་ཅན་ཁྲི་1.33ལ་རྩལ་ནུས་གསོ་སྦྱོང་བྱས་ཏེ་དབང་པོ་སྐྱོན་ཅན་ཁྲི་4.33ལྷག་ཙམ་ལས་ཞུགས་ཐུབ་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།