འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་བོད་ནང་བསྟན་དབར་གྱི་སྤེལ་རེས་གཏིང་ཟབ་ཅིག

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚུའེ་ཆིང་ཤིན་གྱིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “ཀྲུང་གོ་ནང་བསྟན་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ནང་བསྟན་གྱི་ཡན་ལག་ཅིག་ཡིན་ལ་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད”ཅེས་དགེ་འདུན་པ་བསོད་ནམས་ཉི་མས་བཤད་པ་རེད།
           བླ་ཆེན་བྱང་ཆུབ་བཟང་པོས“ང་ནི་ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་དབར་གྱི་ཕན་ཚུན་སྤེལ་རེས་ནང་ཞུགས་ཐེངས་དང་པོ་ཡིན། རེ་བར་སླད་ཕྱིན་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་དེ་ལྟ་བུའི་གསོ་སྦྱོང་གང་མང་གཉེར་ནས་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་དང་ལྷོ་བརྒྱུད་ནང་བསྟན་དབར་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་གོ་སྐབས་དེ་བས་མང་བ་བཏོད་དེ་ཕན་ཚུན་གྲོགས་པོ་སྒྲིག་རྒྱུའི”གྲོས་འགོ་བཏོན་པ་རེད།
          “བོད་བརྒྱུད་ནང་བསྟན་དང་ཀྲུང་ཧྭ་རིག་གནས་དབར་གྱི་འབྲེལ་བའི་སྐོར་ཐོག་མར་ཐོས་པའི་ཚེ་ཚེ་གང་ཐོས་བསམ་ལ་གཞོལ་ནས་རང་གི་འབྱུང་ཁུངས་གསལ་པོར་རྟོགས་པའི་ཚོར་སྣང་བྱུང་། གལ་སྲིད་གནད་དོན་དེ་ཁ་གསལ་གཏིང་གསལ་བཤད་དེ་ཤུགས་རྐྱེན་ཆེན་པོ་བྱུང་ཚེ‘བོད་ཀྱི་དཀའ་རྙོག’སེལ་བའི་ལྡེ་མིག་ལྟ་བུར་གྱུར་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བླ་ཆེན་ཤེས་ཆུང་གིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་པ་རེད།
           དེ་ཉིན་དགོང་མོ་ཆུ་ཚོད་དྲུག་དང་ཕྱེད་ཀར་ཡང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གྲོས་ཚོགས་ཁང་དུ་གློག་འོད་རབ་ཏུ་གསལ་ཞིང་། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་(ཀྲུང་དབྱང་རིག་གནས་སློབ་གླིང)གིས་ཟླ་12ཚེས་13ནས་ཚེས་25ཉིན་བར་སྒྲིག་འཛུགས་བྱས་པའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་གསོ་སྦྱོང་འཛིན་གྲྭར་ཞུགས་མཁན་སློབ་མ་ཚོས་ངལ་དུབ་ལ་མི་འཛེམ་པར་ཚང་མས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འགོ་ཁྲིད་དང་དགེ་རྒན་ཚོ་དང་བཞུགས་མོལ་གནང་སྐབས་གོང་གསལ་གྱི་གཏམ་བཤད་དེ་དག་སྤེལ་བ་རེད།
          གསོ་སྦྱོང་ནང་ཞུགས་མཁན་སློབ་མ་38ཡོད་པ་ཚང་མ་ཀྲུང་གོ་ནང་བསྟན་མཐུན་ཚོགས་སམ་ཡང་ན་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ལས་འཛིན་ཡིན་པ་རེད། ཁོང་ཚོ་བོད་ཀྱི་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་སོགས་ས་གནས་ཀྱི་དགོན་སྡེ་ཁག་ནས་ཕེབས་པ་དང་ཚང་མ་ཆོས་ལུགས་ཀྱི་སྦྱངས་པ་མཐར་སོན་པ་དང་དད་ལྡན་མང་ཚོགས་ཀྱི་དད་པ་ཆེན་པོ་ཐོབ་པའི་བླ་ཆེན་ཤ་སྟག་རེད།
          ལས་སྟེགས་དེ་ལྟ་བུ་ཞིག་ཏུ་མི་ཚེའི་ནང་ཕྱིར་ཕེབས་ཐེངས་དང་པོ་ཡིན་པའི་གངས་ལྗོངས་ས་མཐོའི་བོད་ཀྱི་དགེ་འདུན་པ་དག་ལ་རྒྱ་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དང་ཐད་ཀར་གླེང་མོལ་སྤེལ་རེས་བྱེད་པའི་གོ་སྐབས་ཐེངས་དང་པོ་བྱུང་ཡོད། སློབ་མ་དེ་དག་ལ་སློབ་ཚན་ཁྲིད་པར་གདན་ཞུ་བྱས་པའི་དགེ་རྒན་ཚང་མས་འདི་ནི“སློབ་ཁྲིད”རྐྱང་པ་ཙམ་མིན་པར་དེ་བས་ཕན་ཚུན་དབར་གྱི་སྤེལ་རེས་ཤིག་ཡིན་ཞེས་བཤད་པ་རེད།
          ཟླ་12ཚེས་19ཉིན་གསོ་སྦྱོང་འཛིན་གྲྭར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱ་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་ཆོས་དཔོན་ཙུང་ཤིན་གྱིས་སློབ་མ་ཚོར་《རྒྱ་བོད་ནང་བསྟན་དང་དེའི་དེང་རབས་ཀྱི་འགན་འཁྲི་》ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་སྤེལ་བ་དང་ཆབས་ཅིག་སློབ་མ་ཚོ་དང་གླེང་མོལ་སྤེལ་རེས་གནང་བ་རེད།
          ཆོས་དཔོན་ཙུང་ཤིན་གྱིས་ནང་བསྟན་གྱི་ཆོས་ཀྱི་སྙིང་པོ་དང་རྒྱ་བོད་ནང་བསྟན་གྱི་མཐུན་པའི་ཆ་ནས་རྒྱ་བོད་ནང་བསྟན་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་སྲོལ་རྒྱུན་ཐད་ཁུངས་དང་ལུང་མང་དག་དྲངས་ནས་དོན་ཟབ་ཚིག་གསལ་ངང་འགྲེལ་བརྗོད་གནང་ཡོད། “རྒྱ་བོད་ནང་བསྟན་ནི་ཐང་རྒྱལ་རབས་ནས་བཟུང་གི་ལོ་ངོ་1000ལྷག་ཙམ་རིང་སྤེལ་རེས་དང་མཉམ་འདྲེས་རྒྱུན་ཆད་མེད་པར་བྱས་ནས་དེང་རབས་སུ་སླེབས་སྐབས་ང་ཚོས་དེ་བས་དེའི་ཐད་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས”ཞེས་ཆོས་དཔོན་ཙུང་ཤིན་གྱིས་གསུངས་ཤིང་། ཁོང་གིས་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་རྒྱ་བརྒྱུད་ནང་བསྟན་ནམ་ཡང་ན་བོད་བརྒྱུད་ནང་བསྟན་གང་ཞིག་ཡིན་རུང་ཚང་མར་ཐུན་མོང་གི་གོ་སྐབས་དང་འགྲན་སློང་ཁག་གཅིག་འཕྲད་ཡོད་པས་དེ་བས་ཕན་ཚུན་དབར་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ“ནང་བསྟན་གྱིས་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ལ། རྒྱ་བོད་ནང་བསྟན་གྱི་ཐུན་མོང་གི་འགན་འཁྲི་ནི་མཐུན་སྒྲིལ་དང་ཞི་བདེར་མཉམ་དུ་གཞོལ་ནས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་བདེ་བ་བསྐྲུན་པ་དང་ནང་པའི་ཆོས་ཀྱི་ཆོས་དང་ཆོས་མིན་འབྱེད་པའི་ཤེས་རབ་སྤེལ་ཏེ་སྤྱི་ཚོགས་ཀྱི་འགྲོ་བ་མིའི་སེམས་གཙང་མ་ཡོང་བ་བྱ་རྒྱུ་དེ་རེད”ཅེས་བཤད་པ་རེད།
           ཉིན་མོ་སློབ་ཚན་ཁྲིད་པ་དང་མཚན་མོ་བཞུགས་མོལ་བྱེད་པའི་ཉིན་མཚན་བསྟུད་མར་འབྲེལ་བའི་གསོ་སྦྱོང་བྱེད་སྟངས་དེས་སློབ་མ་ཚོ་བསམ་གཞིག་དང་སྤེལ་རེས་གཏིང་ཟབ་བྱེད་ཐུབ་པ་བྱུང་ཡོད།
           སློབ་ཁང་དུ་སློབ་སྦྱོང་བྱེད་པ་ཕུད་ད་དུང་གསོ་སྦྱོང་འཛིན་གྲྭ་པེ་ཅིང་འོད་སྐོར་དགོན་དུ་གནས་གཟིགས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཚེམས་ཀྱི་རིང་བསྲེལ་མཇལ་བའི་བྱེད་སྒོ་བཀོད་སྒྲིག་བྱས་པས་ས་གནས་ས་ཐོག་ཏུ་སློབ་ཁྲིད་དང་ཡུལ་དངོས་སུ་གནས་གཟིགས་གནང་བ་དེས་རྒྱ་བོད་ནང་བསྟན་དབར་གླེང་མོལ་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་ཐེབས་ཡོད།
           གནས་གཟིགས་གྲུབ་རྗེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འབྲི་གུང་ཆུང་ཚང་བློ་བཟང་བྱམས་པ་མཆོག་གིས་བོད་ལྗོངས་འཛིན་གྲྭའི་སློབ་མ་ཡོངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་པེ་ཅིང་འོད་སྐོར་དགོན་པའི་མཁན་པོ་ཆོས་དཔོན་ཁྲང་ཚང་སོགས་དང་སྤེལ་རེས་གནང་བ་རེད། ཆོས་དཔོན་ཁྲང་ཚང་གིས་སངས་རྒྱས་ཚེམས་ཀྱི་རིང་བསྲེལ་ལ་ཉེ་བའི་ལོ་བརྒྱ་ཕྲག་རིང་བྱུང་བའི་ཀྱག་ཀྱོག་གི་ལམ་བུ་དང་ལྷག་པར་དུ་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སངས་རྒྱས་ཚེམས་ཀྱི་རིང་བསྲེལ་དེ་འབར་མར་ཐེངས་གསུམ་དང་། སི་རི་ལན་ཁར་ཐེངས་གཅིག ཐེ་ལན་དུ་ཐེངས་གཅིག་བཅས་གདན་དྲངས་ནས་མཇལ་སྐོར་མཆོད་འབུལ་གྱི་བྱེད་སྒོ་གཟབ་རྒྱས་ཤིག་སྤེལ་ཡོད་ལུགས་ངོ་སྤྲོད་གནང་ཞིང་། ཁོང་གིས་སླད་ཕྱིན་འོད་སྐོར་དགོན་དུ་ད་དུང་ཐང་གའི་འགྲེམས་སྟོན་གཉེར་རྒྱུ་དང་བཅོ་ལྔ་མཆོད་པ་གཤོམ་རྒྱུ་སོགས་ཀྱི་གྲོས་འགོའང་བཏོན་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།