འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་རིགས་ས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱིས་གནད་སྨིན་དབུལ་སྐྱོར་ལ་
    རམ་འདེགས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་27ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན་སི་ཁྲོན་དཀར་མཛེས་འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་གྱི་མེ་ཏོག་པད་མ་མགྲོན་ཁང་གི་སྦྱིན་བདག་ལི་ཞུའེ་ཡི་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་དུ་གསར་འགོད་པར་དགུན་ཁ་ཤར་ནའང་རང་ཉིད་ཀྱི་མགྲོན་ཁང་ཆུང་ངུ་འདིར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་འདུག ལི་ཞུའེ་ཡི་ཚོང་བྲིན་ཁ་རྒྱུག་པས། བོད་རིགས་ཁང་བདག་ཨ་ལི་དགའ་དགའ་སྤྲོ་རབ་ཏུ་འཁོལ། སྔོན་ཆད་ཁོ་པས་ཁང་མིག་10ལྷག་ཙམ་དེ་དག་མེ་ཤིང་འཇོག་ས་དང་བ་ཚང་སོགས་བྱེད་པ་ལས་ཁང་སྟོང་རྣམས་ནས་ཡོང་འབབ་རག་མྱོང་སྙམ་བསམ་ཡུལ་ལས་འདས། ད་ཆ་ཁང་མིག་དེ་དག་བོགས་མར་བཏང་བས་དཔལ་འབྱོར་ཡོང་ཁུངས་ཤིག་ཏུ་གྱུར་ཡོད།
           སི་ཁྲོན་བོད་རིགས་ས་ཁུལ་གྱི་ས་རྒྱ་ཆེ་ལ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཡུལ་སྐོར་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པ་ནི་སི་ཁྲོན་ཞིང་ཨུད་ཀྱིས་གཏན་འཁེལ་བའི་དབུལ་སྒྲོལ་ཐབས་ཤེས་བཟང་པོའི་གྲས་ཤིག་རེད། འདི་ལོའི་ཟླ་2ཚེས་6ཉིན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ”གསར་འཛུགས་མིང་ཐོ་ཁག་དང་པོ་བཏོན་ནས་དཀར་མཛེས་ཀྲོའུ་ཡོངས་གསར་འཛུགས་ཁྱབ་ཁོངས་སུ་བཅུག་ཡོད། མིག་སྔར“དོམ་ཁྲ་དང་། གཟི་ཚ་སྡེ་དགུ་ཆེན་པོ། རྩྭ་ཐང་། ཤམ་བྷ་ལ”བཅས་མཚོན་བྱེད་དུ་བྱེད་པའི་ཡུལ་སྐོར་ཐོན་རྫས་དང་སྤུས་རྟགས་མ་ལག་ཅིག་རགས་ཙམ་བཏོད་ནས་ས་མཐོའི་ཁྱད་ཆོས་དང་། བོད་དང་ཆའང་རིགས་ཀྱི་རིག་གནས། སྣོད་བཅུད་སོས་དལ་བཅས་གཞི་གཅིག་ཏུ་འདུས་པའི་བོད་རིགས་ས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།
           རྨང་གཞིའི་སྒྲིག་བཀོད་གསར་རྐྱང་སྒྲིག་སྦྱོར་དང་ཡུལ་སྐོར་ཞབས་ཞུ་དང་མཛེས་ལྗོངས་ཁུལ་སྤུས་ལེགས་བཏོད་ཅིང་། སྤྱི་ལེ་3000ལྷག་ཙམ་གྱི་མྱུར་བགྲོད་གཞུང་ལམ་དང་ཤང་དུ་ཤར་གཏོང་ཐུབ་པའི་སྣུམ་ནག་ལམ་བསྐྲུན་པས་ཤར་ལྷོ་ནུབ་བྱང་ཚང་མར་སྦྲེལ་མཐུད་བྱུང་བ་དང་། དར་རྩེ་མདོ་དང་ཉི་བརྟེན་གནམ་ཐང་ལས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ས་མཐོར་རྒྱལ་སྤྱིའི་ཐོག་སྐྱོད་པའི་མཁའ་དབྱིངས་བར་ཁྱམས་བཏོད་པ། གེ་སར་གནམ་ཐང་ཡང་སང་ལོར་ལས་མཇུག་འགྲིལ་རྒྱུ་ཡིན་པས། འགྲིམ་འགྲུལ་དྲ་བ་དེ་དག་དཀར་མཛེས་དབུལ་སྒྲོལ་མཆོང་སྐྱོད་ཐུབ་པའི་གཤོག་ཟུང་ལྟ་བུར་གྱུར་པ་རེད།
           བོད་རིགས་ས་ཁུལ་གྱི་ས་ཆ་མང་ཆེ་བ་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། ཆུ་ཕྲན་ཉག་གཅིག་ནས་གཙང་པོ་གཅིག་བར་དང་། རྩྭ་ཕྲན་རྐང་གཅིག་ནས་ཚང་ཚིང་སྟུག་པོ་བར། རྡོ་ལེབ་གཅིག་ནས་གནས་རི་ཞིག་བར། བཟོ་སྐྲུན་གྱི་བཀོད་པ་ཞིག་ནས་འཇིག་རྟེན་པའི་བར་བཅས་ཚང་མ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ཐོན་ཁུངས་ཤ་སྟག་རེད། དཀར་མཛེས་ཀྲོའུ་ཡིན་ནའང་འདྲ། རྔ་པ་ཡིན་ཀྱང་རུང་ཚང་མས་དམངས་ཡོངས་ཀྱིས་ཡུལ་སྐོར་ལ་སྣང་ཆེན་བྱེད་པའི་རྣམ་པ་ཞིག་བཏོད་ནས། སྐྱེ་བོ་ཀུན་ཡུལ་སྐོར་གྱི་ཞབས་ཞུ་པ་དང་། གཉེར་སྐྱོང་པ། དོ་དམ་པ་སོགས་སུ་གྱུར་པའི་འབོད་སྐུལ་གྲགས་པ་རེད།
          ཡུལ་སྐོར་ས་ཚིགས་ཤིག་གིས་གྲོང་ཚོ་ཞིག་ཕྱུག་པོའི་ལམ་དུ་འདྲེན་པ་དང་ཡུལ་སྐོར་ཁུལ་ཞིག་གིས་ཤང་ཞིག་ཕྱུག་པོའི་ལམ་དུ་འདྲེན་ཞིང་། མིག་སྔའི་བར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་བོད་རིགས་ས་ཁུལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་དང་། ཤང་(གྲོང་རྡལ) གྲོང་ཚོ་བཅས་110གཏོད་རྒྱུར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་པས་ཞིང་ཆེན་ཡོངས་ཀྱི་14%བཟུང་བ་དང་། དབུན་ཁྲོན་ཆུ་འཐག་དང་། མའོ་རྫོང་གི་ཕིང་ཐུའོ། ལི་རྫོང་གི་ཁམ་བུ་གླིང་སོགས་རྩེར་སོན་ཡུལ་སྐོར་གྲོང་སྡེ་ཁག་གཅིག་བཏོད་དེ་བོད་ཁྱིམ་སྤྲོ་ཁང་དང་འབྲོག་ཁྱིམ་སྤྲོ་ཁང་སོགས་སྤྲོ་སྐྱིད་ཁང་3600ལྷག་ཙམ་གྱིས་ཞིང་འབྲོག་པ་ཁྲི་13ལས་ཞུགས་ཐུབ་པ་རེད།
          ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལས་སི་ཁྲོན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པའི་འགོ་བརྩམས་པ་རེད།
           རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལས་གྲོང་གསེབ་ཡུལ་སྐོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་སྟེ།
          ལོ་4ཡི་གོང་དཀར་མཛེས་ཉག་ཆུ་རྫོང་ནི་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཀྱི་རྫོང་ཆུང་ངུ་ཞིག་རེད། ས་སྐྱིད་པོ་དང་། ཆུ་བཟང་པོ། ཡུལ་ལྗོངས་མཛེས་པོ་སོགས་ཚང་མ་སྔོག་འདོན་བྱ་རྒྱུར་ལུས་ཡོད། ད་ཆ་ཁམས་པ་ཕོ་གཞོན་གྱི་གྲོང་ཚོ་དང་སྤྱང་དཀར་ལུང་ཤུར་གྱི་ཆའང་རྒྱལ་རབས་ཀྱི་གནའ་ཤུལ་སོགས་མཛེས་སྡུག་རྣམ་པར་བཀྲ་བའི་རང་བྱུང་ཡུལ་ལྗོངས་དང་ཕུན་སུམ་ཚོགས་པའི་ས་ཁོངས་རིག་གནས་ལས་ཡུལ་དེ་གའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་ཡོད། ན་ནིང་ནས་བཟུང་རྫོང་དེར“ཞིང་ཁྱིམ་སྤྲོ་ཁང”དང་། “བོད་ཁྱིམ་སྤྲོ་ཁང”“སྦྲ་གུར་གྲོང་ཚོ”“ཞིང་ཁྱིམ་སྤྲོ་ཁང་དང་། ཞིང་ལས། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་མང་དག་ཅིག་ཆགས་ཡོད། 2015ལོར་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་11.1ལ་སྣེ་ལེན་ཞུས་པར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་5300ཟིན་པ་དེ་2010ལོ་དང་བསྡུར་ན་ཁག་སོ་སོར་141.3%དང་145.6%འཕར་ཡོད་པ་རེད།
           ཞིང་འབྲེལ་ཡུལ་སྐོར་མཉམ་འགུལ་ལས་མི་སེར་ལ་འབབ་འཕར་བྱུང་བ་སྟེ།
           རྔ་པ་ཀྲོའུ་ཡིས“སྣོད་བཅུད་དང་། ལས་རྣམ། རིག་རྣམ”བཅས་མཉམ་འདྲེས་དང“ཕྲ་ཆུང་ཡུལ་ལྗོངས་དང་། ཕྲ་ཆུང་ཞིང་སྡེ། ཕྲ་ཆུང་ཁོར་ཡུག”བཅས་མཉམ་འགུལ་བྱ་རྒྱུ་འཇུག་གཞིར་བརྩིས་ཏེ་རྩྭ་ཐང་ཡུལ་སྐོར་དང་། གྲོང་གསེབ་ཡུལ་སྐོར། སྒེར་འཁོར་ཡུལ་སྐོར། རིག་གནས་ཡུལ་སྐོར། ལུས་གསོའི་ཡུལ་སྐོར་སོགས་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། 2015ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3230.6སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་285བྱུང་བ་དེ་ན་ནིང་ལས་ཁག་སོ་སོར་12.3%དང་17.4%འཕར་ཡོད། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་500ལྷག་ཙམ་གྱི་འགག་སྒོ་ཆེན་པོ་ལས་སྒྲོལ་བ་རེད།
          དཀར་མཛེས་ཀྲོའུ་ཡིས་ཡུལ་སྐོར་ཚོང་ཟོག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་འཚོང་རྒྱུ་དམིགས་ཡུལ་དུ་བྱས་ནས་འདེབས་འཛུགས་དང་ཡུལ་སྐོར་ཆེད་དུ་ཐོན་སྐྱེད་བྱ་རྒྱུར་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ“དཀར་གཙང་དཀར་མཛེས”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་བཏོད་པ་དང་ཆབས་ཅིག་ཨ་རག་དང་། ཤ ཤིང་འབྲས། སྔོ་ཚལ། ཇ། ཤ་མོ། སྨན་རྫས། ཆུ། འབྲུ་རིགས། སྣུམ་བཅས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་10གསར་སྤེལ་གཏིང་ཟབ་བྱས་ནས་ཁྲོམ་ར་བཏོད་ཡོད། དར་རྩེ་མདོ་དང་འདབ་པའི་ཉི་བརྟེན་གནམ་ཐང་གིས་གངས་ལྗོངས་ཀྱི་བེ་ཤ་སོས་པ་དར་རྩེ་མདོ་ནས་པེ་ཅིང་དང་ལྷོ་རྒྱུད་ཧྲེན་ཀྲེན་དང་ཀོང་ཀྲོའུ་སོགས་སུ་དབོར་འདྲེན་བྱེད་ཀྱི་ཡོད།
           2016ལོའི་ཟླ་བཅུ་པའི་བར་སི་ཁྲོན་བོད་རིགས་ས་ཁུལ་དུ་ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་422.08ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་17.4%མཐོ་རུ་ཕྱིན་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་4774.96ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་16.3%འཕར་ཡོད། ཡུལ་སྐོར་ལས་རིགས་བོད་རིགས་ས་ཁུལ་འཕེལ་རྒྱས་མྱུར་པོར་སྐུལ་མ་གཏོང་བའི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།